མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་ཁོངས)གིས་ཁྲིམས་བསྟར་བྱ་བར་ཤུགས་བསྣན་པ།

ཉེ་ལམ་གསར་འགོད་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ལས་ཀ་སྤེལ་བ་ནས་བཟུང་། ཅུས་དེས་དེ་སྔའི་སྲུང་སྐྱོབ་ཁུལ་གྱི་མཉམ་འབྲེལ་ཁྲིམས་བསྟར་དང་མཚོ་སྔོན་དང་ཀན་སུའུ་མངའ་ཁོངས་ཀྱི་ཁྲིམས་བསྟར་གཉིས་ཀྱི་ལས་ཀའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་ཏེ། སྡེ་ཚན་མང་པོའི་མཉམ་འབྲེལ་ཐོག་ཁྲིམས་བསྟར་དང་། ཞིང་ཆེན་དང་ཁུལ། རྫོང་རིམ་པས་མཉམ་འབྲེལ་ཐོག་ཁྲིམས་བསྟར། ཞིང་ཆེན་ཕྱིར་མཉམ་ལས་ཐོག་ཁྲིམས་བསྟར་བྱེད་པའི་ཕྱོགས་བསྡུས་ཁྲིམས་བསྟར་གྱི་ནང་རྐྱེན་ལམ་ལུགས་གསར་པ་ཞིག་བཟོས་ནས་མཐུན་སྦྱོར་གཅིག་གྱུར་ཡིན་ལ་ལས་བགོས་ཁ་གསལ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ལྟ་སྐྱོང་མ་ལག་བཙུགས་ཏེ། སྒོ་ཀུན་ནས་ཟ་ཟུར་དང་སྣ་སྣེ་མེད་པར་ཆ་ཡོངས་ནས་ཁྲིམས་ལུགས་ལག་བསྟར་གྱི་རྣམ་པ་བཟང་བོ་བཏོད།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ཁུལ་གྱི་ཁྱབ་ཁོངས་དེ་ཀན་སུའུ་དང་། མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ས་མཚམས་ལ་འབྲེལ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི5.02ཡོད་པ་དང་། ཀན་སུའུ་དང་མཚོ་སྔོན་གྱི་ས་ཁོངས་གཉིས་ཚུད། དོ་དམ་བྱེད་མཁན་གྱི་སྡེ་ཚན་མང་ཞིང་། ཁྱབ་ཁོངས་མང་ལ་མངའ་ཁོངས་ཞིང་ཆེན་ལས་བརྒལ་ཡོད། དེ་དག་གིས་སྲུང་སྐྱོང་མངའ་ཁོངས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་དོ་དམ། ཐོན་ཁུངས་གསར་སྤེལ་སོགས་སྡེབ་སྒྲིག་ཡག་པོ་དང་། མངའ་ཁོངས་དང་སྡེ་ཚན་བརྒལ་བའི་རྣམ་པ་སྣ་མང་གི་ཁྲིམས་བསྟར་བྱེད་ཐབས་འཚོལ་ཞིབ་བྱེད་པ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ནང་རྐྱེན་ལམ་ལུགས་བཅོས་སྒྱུར་གསར་གཏོད་བྱེད་པ་བཅས་སྐུལ་སྤེལ་གྱི་འོས་འགན་གལ་ཆེན་འཁུར་ཡོད་པ་རེད། 

མཚོ་སྔོན་ཁྱབ་ཁོངས་ཀྱི་ཚོད་ལྟའི་ལས་ཀ་སྤེལ་བའི་རིང་ལ། རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། ཞིང་ལས་ཞིང་གྲོང་། ནགས་ལས་རྩྭ་ཐང་སོགས་སྡེ་ཚན་གྱིས་སྣོད་བཅུད་ཁོར་སྲུང་གི་ཕྱོགས་བསྡུས་ཁྲིམས་བསྟར་གྱི་ཕུགས་ཕན་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ཚོད་ལྟ་ཁུལ་གྱི་གནས་ཚུལ་ལ་ལྟ་རྟོག་ཚད་ལེན་དང་ལྟ་ཞིབ་ཁྲིམས་བསྟར་ལ་ཤུགས་བསྣན་ཏེ། སྤྱི་གླིང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྒོ་དག་ཐེར་གཙང་སེལ་བྱས་པ་སྤྱི་དང་། ལྷག་པར་དུ་སྤྱི་གླིང་གི་རྩྭ་ས་དང་། ནགས་ཚལ། ན་འདམ། ཆུ་འགོ ཆབ་རོམ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་ཀྱི་སྲུང་སྐྱོང་ཐད་ལྟ་སྐུལ་དོ་དམ་བྱས། སྣོད་བཅུད་མ་ལག་གི་ད་ལྟའི་གནས་ཚུལ་དང་ཁོར་སྲུང་དག་ཐེར་གྱི་གནས་ཚུལ་ལ་སྐོར་ཞིབ་བྱས་ཏེ། ལྐོག་འཐུ་ལྐོག་སློག་ལྐོག་འཚོ། ལྐོག་རྔོན་ལ་སོགས་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་ལ་གནོད་པའི་ཁྲིམས་འགལ་བྱ་སྤྱོད་དག་ལ་རྡུང་རྡེག་ཚ་ནན་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་གང་ལེགས་བྱས།

ཚོད་ལྟ་ཁུལ་དུ་གློ་བུར་རྐྱེན་ངན་འབྱུང་བར་དམིགས་ནས་ཁྱིམ་མཚེས་ཞིང་ཆེན་དང་ཁྱིམ་མཚེས་རྫོང་གི་སྡེ་ཚན་སྤུན་ཟླ་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཞིང་ཆེན་བརྒལ་བའི་ཉེན་རྟོག་པའི་མཉམ་ལས་མཉམ་གྲོས་ཚོགས་འདུ་རྒྱུན་དུ་བསྡུས་ཏེ། གནས་བབ་ལ་ཞིབ་འཇུག་དང་། གནད་དོན་ཐག་གཅོད་བཅས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་སྒོས་མཉམ་ལས་ལ་སྐུལ་འདེད་བྱས། དེའི་རྨང་གཞིའི་ཐོག་ཉེན་རྟོག་པའི་མཐུན་སྦྱོར་ལམ་ལུགས་བཙུགས་པ་མ་ཟད།ཕན་ཚུན་བགྲོ་གླེང་དང་། ཆ་འཕྲིན་མགྱོགས་ལ་གནས་ཚུལ་མྱུར་སྤེལ། འཁོར་སྐྱོད་བཟང་བའི་སྲུང་སྐྱོང་ཁྲིམས་བསྟར་གྱི་རྣམ་པ་ཆགས་ནས་ཁྲིམས་འགལ་ཉེས་ཅན་གྱི་ཉེས་གསོག་བར་སྟོང་ཇེ་ཆུང་དུ་བཏང་། རྟོག་བཤེར་བྱེད་སའི་གནས་གཙོ་བོ་ནི། སྤྱི་གླིང་མངའ་ཁོངས་ཀྱི་རི་ཆུ་ནགས་མ་མཚེའུ་རྩྭ་ཐང་དང་འབྲེལ་བའི་ལས་གཞི་ཅི་རིགས་དང་། འགན་འཁུར་མཁན་མེད་པར་ལུས་ཡོད་པའི་གཏེར་ཁ། རྡོ་ཟེགས་ལེན་ས། ཡུལ་སྐོར་གསར་སྤེལ། ཆུ་གློག་ས་ཚིགས་སོགས་རེད། ཚོད་ལྟ་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་གསར་སྤེལ་བེད་སྤྱོད་ཀྱི་ཐད་ལ་ལྟ་རྟོག་ནན་མོ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཞི་ཡོངས་གཙང་སེལ་བྱས་ནས་རང་བྱུང་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏང་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།