གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་རྒྱ་སྐྱེད་ལས་གཞིའི་སྤྱི་ཁོག་ཟླ9པའི་མཇུག་ཏུ་ཡོངས་འགྲུབ་བྱ་རྒྱུ་རེད།

ཟླ8ཚེས12ཉིན་མཚོ་སྔོན་ཞིང་ཆེན་གྱི་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་རྒྱ་སྐྱེད་ཀྱི་ལམ་མཚམས་སྟོང་སྐོར་ལྷོ་ལམ་གྱི་ཨར་སྐྲུན་བྱེད་སར་གྲ་རིག་གཞུང་ལམ་རྒྱ་སྐྱེད་ལས་གཞིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཐའོ་ཞུའེ་ཀྲུའོ་ཡིས་ལས་གཞི་མ་དངུལ་དུང་ཕྱུར50.5བཏང་བའི་ལས་གཙོ་བོ་དག་ཟླ9བའི་ཟླ་མཇུག་ལ་འགྲུབ་འཆར་ཡོད་ཅེས་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་བྱུང་།

གྲ་མ་ལུང་ནས་རིག་སྨོན་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཁྱོན་ལེ་དབར65.207ཡོད་ཅིང་། བསྡོམས་པས་མ་དངུལ་དུང་ཕྱུར57.79བཏང་ཡོད་པ་རེད། ལས་གཞི་དེའི་མགོ་ཙོང་ཁ་རྫོང་སྟོད་པ་གྲོང་རྡལ་གྱི་གྲ་མ་ལུང་གྲོང་ཚོའི་ཉེ་འདབས་ན་ཡོད་ཅིང་། མཇུག་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་ན་ཡོད། ལམ་དེའི་གྲ་མ་ལུང་ནས་སྟོང་སྐོར་ལྷོ་ལམ་སྟེ་ལེ་དབར17.34ཡི་མཚམས་སུ་ཕར་ཚུར་འཁོར་ལམ་བརྒྱད་ཅན་གྱི་མྱུར་ལམ་ཚད་གཞི་གཞིར་བཟུང་ནས་བསྐྲུན་ཡོད་ལ། ཆུ་ཚོད་རེར་ལེ་དབར་བརྒྱ་ལྟར་ཇུས་འགོད་བྱས། སྟོང་སྐོར་ལྷོ་ལམ་ནས་རིམ་སྨོན་བར་ཏེ་ལེ་དབར47.867གྱི་མཚམས་སུ་ཕར་ཚུར་འཁོར་ལམ་དྲུག་ཅན་གྱི་མྱུར་ལམ་ཚད་གཞི་གཞིར་བཟུང་ནས་བསྐྲུན་ཡོད་པ་དང་། དེར་ཆུ་ཚོད་རེར་ལེ་དབར80རྒྱུག་ཐུབ་པ་ཇུས་འགོད་བྱས་འདུག ད་སྔའི་བར་དུ་བསྡོམས་པས་མ་དངུལ་དུང་ཕྱུར50.5ཡི་རིམ་པ་ལེགས་འགྲུབ་བྱུང་ཞིང་། དེ་ནི་མ་དངུལ་གཏོང་འཇོག་སྤྱིའི88%ཟིན་ཡོད་པ་རེད།

ལས་གཞི་དེ་ནི་ཉི་ཟླ་ཉག་ག་ནས་ལྷོ་ཕྱོགས་སུ་འཐེན་པའི་ལེ་དབར15རྒྱ་བསྐྱེད་དེ། དེ་སྔའི་ལ་གཟར་ཆེ་ས4.34%ནས2.36%ཇེ་བདེར་དང་ཁ་བ་དང་འཁྱགས་རོམ་གྱི་གནོད་པ་ཇེ་ཆུང་དུ་བཏང་ནས་ཉི་ཟླ་ཉག་ག་བརྒལ་བའི་ལམ་གྱི་སེམས་ཁྲལ་སེལ་ཡོད་པ་རེད།

གྲ་མ་ལུང་ནས་རིག་སྨོན་བར་གྱི་མྱུར་ལམ་དེ་མྱུར་ལམ་གསུམ་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་གཙོ་བོ་བདུན། རྫོང་དང་ཡུལ་ཚོའི་གཞུང་ལམ་དུ་མར་འབྲེལ་ཡོད་ཅིང་། ལས་གཞི་དེ་འགྲུབ་རྗེས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་མྱུར་ལམ་དྲ་བ་འཐུས་ཚང་དང་། མངའ་ཁོངས་བར་འགྲོ་འོང་ལ་སྟབས་བདེ་ཆེན་པོ་བསྐྲུན་ཐུབ་པས། མངའ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་བཟང་པོ་གསར་སྤེལ་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།

ཁོན་ཐར་འཚོས་བསྒྱུར།