ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས།

ཞི་ཅིན་ཕིང་།

ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཚོགས་འཛུགས་རྒྱུ་ཐག་བཅད་པ་འདི་ནི་ང་ཚོའི་ཏང་གི་ལོ་རྒྱུས་སྟེང་འདི་ལྟ་བུའི་ལས་ཁུངས་བཙུགས་པ་ཐོག་མ་ཡིན་ལ། དེའི་དམིགས་ཡུལ་ནི་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་གཅིག་བསྡུས་གཅིག་གྱུར་སྒོས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་ཀར་སྤྱི་འདོམས་སྒོས་སྐུལ་འདེད་གཏོང་དགོས།

གཅིག ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཚོགས་བཙུགས་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་ཟབ་མོ་བྱེད་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁོ་བོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་དོ་སྣང་བྱས་ལ། འདིའི་ཐད་ནས་གཏམ་བཤད་པའང་ཅུང་མང་། མིག་སྔར། རང་རྒྱལ་ནི་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ་གནས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་ན་ཁྲིམས་སྐྱོང་ལ་སྔར་བས་ཀྱང་བརྟེན་དགོས་པ་དང་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱ་རྒྱུ་སྔར་བས་ཀྱང་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཐག་གཅོད་བྱས་པ་ནི། གཙོ་བོ་གཤམ་གྱི་ཕྱོགས་འགའ་ལ་བསམ་བློ་བཏང་བ་ཡིན།

དང་པོ། འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་དང་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་གཅིག་སྡུད་གཅིག་གྱུར་སྒོས་འགོ་ཁྲིད་བྱེད་པའི་དགོས་མཁོ་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྩེ་རིམ་ཇུས་འགོད་དང་ལམ་ཐིག་རི་མོ། དཔེ་རིས་བཅས་གཏན་འབེབས་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པའི་ལས་འགན་གསར་པ་བཏོན་པ་དང་། 2035ལོར་སླེབས་དུས་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ལེགས་འགྲུབ་ཡོང་བ་གསལ་པོར་བྱས། དམིགས་འབེན་དང་འོས་འགན་འདི་དག་དོན་འཁྱོལ་སྔར་བས་ལེགས་པ་བྱ་ཆེད། ཏང་ཀྲུང་དབྱང་གིས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་འགོ་ལ་ཉན་རྗེས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གྲོས་ཐག་བཅད། ཨུ་ཡོན་ལྷན་ཁང་འདི་བཙུགས་པའི་དགོས་པ་ནི་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་འགོ་ཁྲིད་པའི་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ཏན་ཏིག ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་ལ་འགོ་ཁྲིད་བྱེད་ཤུགས་ཇེ་བཙན་དུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཆེད་ཡིན།

ཏང་གི་འགོ་ཁྲིད་དང་ཁྲིམས་སྐྱོང་དབར་གྱི་འབྲེལ་བའི་སྐོར་གྱི་གནད་དོན་ངས་ཡང་ཡང་བཤད་མྱོང་། ཏང་གི་འགོ་ཁྲིད་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་གཏོང་བ་ནི། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པའི་དགོས་ངེས་ཀྱི་གནད་ཅིག་དང་། ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ཅིའི་ཕྱིར་རང་རྒྱལ་དུས་ཡུན་རིང་པོའི་ནང་བརྟན་བརླིང་གནས་ཐུབ་ཅེ་ན། དེའི་རྩ་བ་ཉག་གཅིག་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པར་རག་ལས། ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་“གདུང་འདེགས་ཀྱི་ཀ་བ་”ལྟ་བུ་ཡིན། ཐེངས་འདིར་རྩ་ཁྲིམས་བཟོ་བཅོས་བྱས་ཏེ་དེའི་གླེང་གཞིར་ཏང་གི་འགོ་ཁྲིད་ཀྱི་གོ་གནས་གཏན་འཁེལ་བྱས་པའི་རྨང་གཞིའི་ཐོག སྤྱིའི་རྩ་འཛིན་ནང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩར་གྱུར་བའི་ངོ་བོ་ཡིན་པ་གཏན་འབེབས་གསལ་བོ་མཛད་དེ། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་གོ་གནས་ཇེ་བརྟན་དུ་བཏང་། བཅའ་ཁྲིམས་བཟོ་བཅོས་བྱས་རྗེས་ཕྱོགས་སོ་སོའི་ཚུར་སྣང་ཤིན་ཏུ་ལེགས། ང་ཚོས་མུ་མཐུད་དུ་ཏང་གི་འགོ་ཁྲིད་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་དང་། མུ་མཐུད་དུ་ཏང་གི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་གི་འགོ་ཁྲིད་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་བྱ་རིམ་ཡོངས་དང་ཕྱོགས་སོ་སོའི་ཁྲོད་དུ་སིམ་པར་རྒྱུན་འཁྱོངས་བྱེད་དགོས།

སྒྲིག་སྲོལ་ལྟར་ཏང་སྐྱོང་བ་ཏང་གི་ཁོང་དུ་སིམ་ན། ཁྲིམས་ལྟར་རྒྱལ་སྐྱོང་ད་གཟོད་དམངས་ཀྱི་སེམས་སུ་ཟུག་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཀྲུང་དབྱང་གི་ཏང་ནང་ཁྲིམས་སྲོལ་140ལྷག་གཏན་འབེབས་དང་བཟོ་བཅོས་བརྒྱབ་ཅིང་། ཚབ་མཚོན་རང་བཞིན་དང་གནད་འགག་རང་བཞིན། རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་དང་ལམ་ལུགས་སྐོར་ཅིག་བཏོན། བརྟེན་བྱའི་སྒྲིག་སྲོལ་མེད་པའི་གནད་དོན་ཕལ་ཆེར་ཐག་བཅད། ལས་ཀ་རྗེས་མའི་གནད་གཙོ་བོ་ནི་སྒྲིག་སྲོལ་ལག་བསྟར་ནན་པོ་བྱས་ཏེ་ཏང་ནང་གི་ཁྲིམས་སྲོལ་དངོས་སུ་དོན་འཁྱོལ་ཐུབ་རྒྱུ་དེ་ཡིན། སྒྲིག་ཁྲིམས་དང་འགལ་བའི་འགོ་ཁྲིད་གང་མང་གིས་འགྱོད་བཤགས་བྱེད་སྐབས་རང་གིས་ཏང་སྒྲིག་རྒྱལ་ཁྲིམས་མ་ཤེས་པས་ལན་ཟེར། ཅིའི་ཕྱིར་ཏང་ནང་གི་མཐོ་རིམ་ལས་བྱེད་པ་འདི་འདྲ་མང་པོ་ཞིག་ཉེས་གསོག་གི་ལམ་དུ་སོང་ཞེ་ན། དེའི་རྩ་བའི་རྒྱུ་རྐྱེན་ནི་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པར་རེག ཡིན་ཡང་ཏང་སྒྲིག་རྒྱལ་ཁྲིམས་ལ་གུས་ཤིང་སྐྲག་པའི་བསམ་པ་ཡལ་བའང་རྒྱུ་རྐྱེན་གལ་ཆེན་ཞིག་རེད།

གཉིས་པ། འདི་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གལ་ཆེའི་དོན་གནད་དང་གནད་དོན་གལ་ཆེན་ཐག་གཅོད་པར་ཞིབ་འཇུག་དང་།མཐུན་སྦྱོར་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་དུས་ཡུན་རིང་ལ་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་དང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན། མིག་སྔར། ཁྲིམས་འཛུགས་དང་ཁྲིམས་བསྟར། སྲིད་ཁྲིམས། ཁྲིམས་སྲུང་བཅས་ཕྱོགས་ཚང་མར་ཞན་ཆ་མི་ཉུང་བ་འདུག་པ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་སྒྱུར་བཅོས་བྱེད་པར་དཀའ་ལས་གང་མང་མཆིས་པས། ཏང་ཀྲུང་དབྱང་གི་ངོས་ཐད་ནས་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་དང་། དཔལ་འབྱོར་འཕེལ་ཚད་མགྱོགས་པ་ནས་རིམ་བཞིན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་དགོས་ཤིང་། ངེས་པར་དུ་ཁྲིམས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་དང་ཁྲིམས་སྐྱོང་དབར་གྱི་འབྲེལ་བའི་ཐོག གནས་འགའ་ཤས་སུ་“གོང་དུ་འཕེལ་རྒྱས་འགྲོ་དགོས་ན། ཁྲིམས་ཀྱིས་ངེས་པར་ལམ་ཕྱེ་དགོས།”ཞེས་པའི་ནོར་འཁྲུལ་གྱི་ལྟ་བ་གདའ། ན་ནིང་། ཏང་ཀྲུང་དབྱང་གིས་ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ལ་ཐག་གཅོད་ནན་མོ་བྱས་ཤིང་། ཏང་སྲིད་ལས་བྱེད་པ་འགའ་ཞིག་ལ་ཆད་པའང་ཕོག 《ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག་》བཟོ་བཅོས་ཐེངས་3བརྒྱབ་ནའང་། གཏན་འབེབས་འགའ་ཤས་ཐོག་མཐའ་བར་གསུམ་དུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་》དང་མི་མཐུན། ཁྲིམས་འཛུགས་ཐད་“གཟབ་ནན་མིན་པ་”དང་། ཁྲིམས་བསྟར་ཐོག་“དོན་འཁྱོལ་མ་ཡིན་པས་”མདོ་ལ་རིང་མོའི་སྐྱེ་ཁམས་མ་ལག་ལ་གཏོར་བརླག་ཚབས་ཆེན་ཐེབས་པའི་འབྲས་བུ་བྱུང་། དེ་འདྲའི་བསླབ་བྱ་ངེས་པར་དུ་དང་ལེན་བྱེད་དགོས།

ཏང་གི་གཞི་རྩ་ནི་མི་དམངས་ཡིན་ལ། སྟོབས་ཤུགས་ཀྱང་མི་དམངས་ཡིན། ད་ལྟ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་དམངས་གཙོ་དང་ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཀྱི་ཐད་ལ་ཕྱོགས་ཡོད། མི་དམངས་མང་ཚོགས་ཀྱིས་ཁྲིམས་བསྟར་གང་འདོད་དང་ལག་བསྟར་མི་བྱེད་པ། ཁྲིམས་འཛིན་དྲང་གཞག་མིན་པའི་ཐད་ཀྱི་བསམ་འཆར་ཅུང་མང་ལ། དེ་ནི་ང་ཚོས་ཁྲིམས་སྐྱོང་ལག་ལེན་ནན་པོར་བྱེད་པའི་དམིགས་གཏོད་ས་དང་ཤུགས་རྒྱག་ཡུལ་དུ་འཛིན་དགོས། དཔེར་ན། ནག་ཚོགས་སྐོར་ཞིག་གིས་དུས་རྒྱུན་དཔུང་སྡེབ་ཟིང་སློང་དང་། ཚོང་ར་སྒེར་སྡེམ། བསྙད་འདོགས་རྒྱུ་ལེན། ཤོ་ཁང་འཛུགས་གཉེར་ལ་སོགས་ཁྲིམས་འགལ་གྱི་ལས་སྤེལ་བར། མང་ཚོགས་ཀྱི་སེམས་ནས་ཁྲོ་ནའང་བཤད་མི་ཕོད་པ། ནག་སྤྱོད་སྟོབས་ཤུགས་ཇི་ལྟར་ང་ཚོའི་མིག་འོག་ནས་རིམ་གྱིས་འཕེལ་རྒྱས་བྱུང་བ་རེད་ཟེར་ན། ངས་བལྟས་ན་དེའི་རྒྱབ་ཕྱོགས་སུ་ཁྲིམས་འཛིན་མཁན་གྱིས་བསྒྲུབ་འོས་མ་བསྒྲུབ་པར་རང་དགར་དུ་བཞག་པའི་གནས་ཚུལ་དང་། ས་གནས་ཁྲིམས་འཛིན་སྡེ་ཁག་ཁག་ཅིག་ཐ་ན་ནག་ཚོགས་དང་ངན་པ་ཁ་མཐུན་གྱིས་དེ་དག་སྲུང་མཁན་བྱས་ཡོད། ཁྲིམས་འཛིན་སྡེ་ཁག་ནི་མི་དམངས་ཀྱི་ཁེ་ཕན་སྲུང་མཁན་གྱི་ཚབ་བྱེད་ཡིན་པས། ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་དང་ནག་སྤྱོད་སྟོབས་ཤུགས་སྲུང་མཁན་བྱེད་མི་རུང་། ཉེ་བའི་ལོ་ཤས་རིང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ཧུའུ་ཀེ་ཅི་ལེ་ཐུའུ་ཡི་གྱོད་དོན་དང་། ཉེ་ཧྲུའུ་པིན་གྱི་གྱོད་དོན། ཉན་པིན་གྱི་གྱོད་དོན་སོགས་རྫུན་སྙད་ནོར་གསུམ་གྱི་གྱོད་གཞི་ཁག་ཅིག་ ཁྲིམས་ལྟར་ཡོ་བསྲང་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་གདེང་འཇོག་ལེགས་པོ་ཐོབ། མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་ལ་འབྱུང་རྐྱེན་མང་ཞིང་། དེའི་ཁྲོད་དུ་ཁྲིམས་འཛིན་མི་སྣར་སྤྱིར་བཏང་གི་ཁྲིམས་འཛིན་ཤེས་ནུས་དང་འགན་འཁྲི་ཐེག་མི་ཕོད་པ་བཅས་ཀྱི་གནད་དོན་ཡོད་མོད། དེ་ལས་ཀྱང་གནད་དོན་གཏིང་ཟབ་ཤོས་ནི་ཁྲིམས་འཛིན་གྱི་འགན་དབང་བཀོད་སྒྲིག་དང་དབང་ཆ་འཁོར་སྐྱོད་ཀྱི་ལམ་སྲོལ་ཚན་རིག་དང་མི་མཐུན་པ། མྱུལ་ཞིབ་བྱེད་དབང་དང་ཞིབ་དཔྱོད་བྱེད་དབང་། འདྲི་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་གཅུན་འདོམས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་དངོས་སུ་ཆགས་ཐུབ་མེད་པར་རག་ལས། ཉེ་ཆར་བྱུང་བའི་ཁྲང་ཁྲུན་ཁྲང་ཧྲེང་གི་རིམས་འགོག་སྨན་ཁབ་རྫུན་བཟོའི་གྱོད་དོན་བྱུང་བའི་ལྐོག་གྱུར་གྱི་གནད་དོན་ཡང་ཁྲིམས་ཡོད་ཀྱང་མི་བརྩི་བ། ཁྲིམས་བསྟར་ནན་མོ་མི་བྱེད་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁ་མཚར་བཞིན་དོ་སྣང་མི་བྱེད་པར་ཐུག་ཡོད། འདིའི་རྐྱེན་གྱིས་ང་ཚོས་ངེས་པར་དུ་ཁྲིམས་འཛིན་ཚད་ལྡན་དྲང་གཞག་ཡོང་བར་ནན་གྱིས་སྐུལ་འདེད་བྱས་ནས་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་རང་གི་དྲུང་དུ་ཡོད་པའི་ཚོར་བ་སྟེར་དགོས།

ཀྲུང་གོས་འཛམ་གླིང་ལ་ཁ་ཕྱོགས་ཤིང་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་རྒྱལ་སྤྱིའི་ལས་དོན་ལ་ཞུགས་པར། ངེས་པར་དུ་ཁྲིམས་སྐྱོང་ལག་བསྟར་ལེགས་པོ་བྱེད་ཤེས་དགོས། ཕྱི་ཕྱོགས་དང་འཐབ་རྩོད་བྱེད་པའི་ཁྲོད་དུ། ང་ཚོས་བཅའ་ཁྲིམས་ཀྱི་དྲག་ཆས་སྤྲས་ཏེ། ཁྲིམས་སྐྱོང་གི་བཙན་ས་བཟུང་ནས། གཏོར་བཤིག་བྱེད་མཁན་དང་ཟིང་འཁྲུག་སློང་མཁན་རྣམས་ལ་གདོང་གཏོད་ཐུབ་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལེགས་སྒྲིག་དང་འཕོ་འགྱུར་བྱུང་བཞིན་པའི་དུས་འདིར། ང་ཚོ་ངེས་པར་དུ་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་ལ་ཧུར་ཐག་སྒོས་ཞུགས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་བརྒྱུད་རིམ་ཁྲོད་ཀྱི་ནང་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། སྣེ་ཁྲིད་བྱེད་མཁན་དུ་འགྱུར་དགོས།

གསུམ་པ། འདི་ནི་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཁྲིམས་སྐྱོང་གི་འགན་སྲུང་བྱེད་པའི་དགོས་མཁོ་ཡིན། ཁྲིམས་སྐྱོང་དར་ན་རྒྱལ་ཁབ་དར་ཞིང་། ཁྲིམས་སྐྱོང་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་ནི་ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་འདུག་སྟེ། གནའ་དུས་རང་རྒྱལ་གྱི་གནས་ཚུལ་ལ་གཞིགས་ནའང་། དར་ཞིང་རྒྱས་པའི་སྐབས་ཚང་མ་ཁྲིམས་ལུགས་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་དུས་སྐབས་ལགས། ཁྲུན་ཆིའུ་ཀྲན་གོའི་དུས་སུ། ཧྥ་ལུགས་ཀྱིས་“ཁྲིམས་ལ་བརྟེན་ནས་སྐྱོང་བ་”ཡི་དགོངས་པ་འཛིན་ཞིང་། ཡུང་ཀྲོའུ་ཕྱོགས་སུ་ཡོད་པའི་ཆིན་རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པ་དང་། ཧྲང་དབྱང་གིས་“བཅའ་ཁྲིམས་ངེས་པར་དུ་གསལ་ཞིང་། བཀའ་ངེས་པར་དུ་བསྟར་བ་”གཙིགས་སུ་བཟུང་བས། ཆིན་རྒྱལ་ཁབ་མགྱོགས་མྱུར་ངང་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་དེ། མཐར་ཆིན་ཧྲི་ཧོང་གིས་རྒྱལ་ཕྲན་དྲུག་གཅིག་གྱུར་བྱས་པ་རེད། གོང་མ་ཧན་ཀའོ་ཙུའུ་ལིའུ་པང་དང་མཁར་ནང་གི་འབངས་མི་སེར་གྱིས་“བསྲུང་བྱ་རྣམ་གསུམ་”དམ་བཅས་ཏེ། རང་གི་དབང་བསྒྱུར་ལ་ནུས་པ་ཆེན་པོ་ཐོན། ཧན་ཝུའུ་ཏིའི་སྐབས་སུ་ཆགས་པའི་ཧན་རྒྱལ་རབས་ཀྱི་ཁྲིམས་ལེ་ཚན་60དེ། ཧན་རྒྱལ་རབས་གཉིས་ཀྱིས་སྔ་ཕྱི་ལོ་400ཙམ་ལ་ལག་བསྟར་བྱས། གོང་མ་ཐང་ཐེ་ཙུང་གིས་བཅའ་ཁྲིམས་བརྩི་བ་ནི་རྒྱལ་ཁབ་སྐྱོང་བའི་གནད་དུ་རྩིས་ཤིང་། 《ཀྲེན་ཀོན་གྱི་ཁྲིམས་》ཞེས་པའི་ཁྲིམས་འདི་“ཀྲིན་ཀོན་ཁྲི་ལོའི་སྲིད་སྐྱོང་”གི་རྒྱུར་གྱུར་ཞིང་། དེའི་རྨང་གཞིའི་ཐོག་བཟོ་བཅོས་བརྒྱབ་ནས་གྲུབ་པའི་《ཐང་རྒྱལ་རབས་ཀྱི་ཁྲིམས་གཞུང་འགྲེལ་བ་》ཡིས་ཐང་རྒྱལ་རབས་སྟོབས་ལྡན་དུ་ཆགས་པར་བཅའ་ཁྲིམས་ཀྱི་རྨང་རྡོ་བཏིང་། འཛམ་གླིང་གི་ལོ་རྒྱུས་ལ་བལྟས་ནའང་། རྒྱལ་ཁབ་སྟོབས་འབྱོར་དུ་ཆགས་པ་ནི་རྟག་ཏུ་ཁྲིམས་སྐྱོང་དང་འགྲོགས་ནས་བྱུང་བ་ཡིན། བགྲང་བྱ་3000ལྷག་གི་སྔོན་དུ། གནའ་བོའི་པ་པི་ལུན་གྱི་རྒྱལ་པོ་ཧན་མོ་ལ་པི་རྒྱལ་སར་བཞུགས་རྗེས། རྒྱལ་ཡོངས་ཀྱི་བཀའ་ཁྲིམས་གཅིག་གྱུར་བྱས་ཏེ། མིའི་རིགས་ལོ་རྒྱུས་ཐོག་ཡིག་ཐོག་ཏུ་བཀོད་པའི་ཁྲིམས་ཐོག་མ་སྟེ་《ཧན་མོ་ལ་པིའི་ཁྲིམས་ཡིག་》གཏན་འབེབས་བྱས་ཤིང་། བཀའ་ཁྲིམས་རེ་རེ་བཞིན་རྡོ་རིང་དུ་བརྐོས་པའི་མཐུས། གནའ་བོའི་པ་པི་ལུན་རྒྱལ་རབས་ཡ་ཐོག་གི་གཙང་བོ་གཉིས་ཀྱི་འབབ་ཡུལ་དུ་ཆེས་དར་བར་གྱུར་བ་སྐུལ་འདེད་བྱས། འཇར་མན་གྱི་ཁྲིམས་ལུགས་རིག་པའི་མཁས་པ་གྲགས་ཅན་ཡེ་ལིན་གྱིས་རོ་མ་རྒྱལ་ཁབ་ཀྱིས་འཛམ་གླིང་ཐེངས་གསུམ་ལ་དབང་དུ་བསྡུས་ཤིང་། དེ་ལས་ཐེངས་དང་པོར་དྲག་ཤུགས་ལ་བརྟེན། ཐེངས་གཉིས་པར་ཆོས་ལུགས་ལ་བརྟེན། ཐེངས་གསུམ་པར་བཅའ་ཁྲིམས་ལ་བརྟེན་པ་ལས། དྲག་ཤུགས་ནི་རོ་མ་རྒྱལ་ཁབ་རྩ་མེད་དུ་སོང་བ་དང་བསྟུན་ནས་མེད་པར་ཆགས་ཤིང་། ཆོས་ལུགས་ནི་དམངས་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་ཞིང་། ཚན་རིག་གི་འཕེལ་རྒྱས་དང་བསྟུན་ནས་ཤུགས་རྐྱེན་ཆུང་དུ་ཕྱིན། དེའི་ཕྱིར་བཅའ་ཁྲིམས་ལ་བརྟེན་ནས་འཛམ་གླིང་དབང་དུ་བསྡུ་བ་ནི་ཆེས་རྒྱུན་སྲིང་ཐུབ་པའི་དབང་བསྒྱུར་ཡིན་པར་སྐད།

ཉེ་རབས་ཀྱི་རྗེས་སུ། རང་རྒྱལ་གྱི་སྤྱོད་བཟང་འདུན་ཆེའི་མི་སྣ་དག་གིས་ཀྱང་གནད་དོན་འདི་ངོས་ཟིན་པ་དང་། ས་ཁྱི་ལོའི་ལུགས་སྒྱུར་དང་། མན་ཇུའི་རྒྱལ་རབས་དུས་མཇུག་གི་ཁྲིམས་བཅོས་བསྒྱུར་ནས་བཟུང་། ཀྲུང་གོ་བས་ཐོག་མཐའ་བར་གསུམ་དུ་ཁྲིམས་ལུགས་དགོས་པའི་འབོད་སྐུལ་བྱེད་བཞིན་འདུག འོན་ཀྱང་སྐབས་དེའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཆ་རྐྱེན་འོག ཁྲིམས་ལུགས་ཁོ་ནར་བརྟེན་ནས་ཀྲུང་གོ་རྙིང་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་ཀྲུང་གོའི་མི་དམངས་ཉམ་ཐག་གི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་མེད། ང་ཚོའི་ཏང་གིས་སྲིད་བསྐྱངས་ནས་ལོ་ངོ་60ལྷག་འགོར་བའི་རིང་ལ་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ཡོད་ཀྱང་། ཁྲིམས་སྐྱོང་ཐད་ལ་འགྱུར་མེད་ཀྱི་དམ་བཅའ་བཟུང་ཡོད། “ལྔ་བཞིའི་རྩ་ཁྲིམས་”ནས་དེ་སྔར་གསར་དུ་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས། “སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་”ནས་“སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་།” “གཞི་འཛིན་སའི་ཁྲིམས་ཡོད་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་བརྩི་སྲུང་བྱ་བ། ཁྲིམས་བསྟར་དུས་ངེས་པར་གཟབ་ནན་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་རྩད་གཅོད་པ་” ནས་“ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་དུས་ནན་ཏན་བྱེད་པ། ཁྲིམས་འཛིན་དྲང་གཞག་ཡོང་བ། དམངས་ཡོངས་ཀྱིས་བཅའ་ཁྲིམས་སྲུང་བ་”ཡི་བརྒྱུད་རིམ་ཁྲོད་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བར་ཁྲིམས་སྐྱོང་དང་སྐད་ཅིག་ཙམ་ཡང་འབྲལ་ཐབས་མེད་པའི་ཐད་ལ་སྔར་ལས་ངོས་འཛིན་གཏིང་ཟབ་བྱས།

མདོར་ན། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཡང་ན་ཀྲུང་ཧྭའི་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་བརྗོད་བྱ་གལ་ཆེན་དང་འགན་སྲུང་གལ་ཆེན་ཞིག་ཡིན། ང་ཚོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པའི་ཁྲོད་བསྡུས་དོན་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཡུན་རིང་བརྟན་ལྷིང་ཡོང་བར་ཁྲིམས་སྐྱོང་ཐད་ཀྱི་ཁག་ཐེག་བཟོ་ཕྱིར་ཡིན། ངས་“ཕྱོགས་ཡོངས་བཞིའི་”ཁྲོད་དུ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྨང་གཞིའི་རང་བཞིན་དང་འགན་སྲུང་རང་བཞིན་གྱི་ནུས་པ་ཡོད་ཅེས་ཐེངས་མང་པོར་ནན་བཤད་བྱས་མྱོང་། འཆད་འགོད་གཅིག་གྱུར་སྒོས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་དོན། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག ང་ཚོས་ཁྲིམས་སྐྱོང་གི་རྩ་བ་བརྟན་པོར་སྲུང་ཞིང་། འཆར་གཞི་གཏན་འཇགས་ཡོང་བ། ཕུགས་ལ་ཕན་པའི་འགན་ལེན་གྱི་ནུས་པ་སྔར་ལས་ཀྱང་འདོན་སྤེལ་ལེགས་པོ་བྱེད་དགོས།

གཉིས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྟོན་དུ་བཟུང་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ཏེ། ཁྲིམས་འཛུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་འགྱུར་བཞིན་འདུག ང་ཚོས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། དུས་རབས་དང་བསྟུན་ནས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་གཏན་འབེབས་བྱེད་པ། རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་ལམ་ལུགས་བཙུགས་པ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ཐད་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ང་ཚོས་ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། སྲིད་གཞུང་གི་ཞིབ་མཆན་འགོད་པའི་ལས་ཇེ་ཉུང་དང་། སྲིད་འཛིན་མིན་པའི་ཆོག་འཐུས་མཆན་འགོད་རྦད་དེ་མཚམས་བཞག སྲིད་གཞུང་གི་དབང་ཆའི་གསལ་ཐོ་དང་བཀག་རྒྱའི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་གཏན་ལ་ཕབ་སྟེ། སྲིད་འཛིན་གྱི་དབང་ཆ་ཚད་ལྡན་དང་ནན་པོ་དང་། དྲང་གཞག་ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་བྱེད་པར་སྐུལ་འདེད་བཏང་། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་སྐྱོང་ཁྱབ་ཁོངས་ལ་སྒྱུར་བཅོས་དང་། ངལ་རྩོལ་སློབ་གཅུན་གྱི་ལམ་ལུགས་མེད་པར་བཟོས་ཏེ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དང་མི་གྲངས་གཏན་འཁེལ་ལམ་ལུགས། དེ་མིན་འདྲི་གཅོད་ལྟེ་བར་བྱས་པའི་ཉེས་དོན་གཏུག་བཤེར་གྱི་ལམ་ལུགས་སྒྱུར་བཅོས་ཐད་སྐུལ་འདེད་བཏང་བ། ཁྲིམས་ལྟར་བཟོས་རྫུན་འཕྱུགས་གསུམ་གྱི་གྱོད་གཞི་ཆེན་པོ་སྐོར་ཞིག་ཡོ་བསྲང་བྱས་ནས། ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཆོད། ཀུན་རྟོན་གྱི་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན། ང་ཚོས་དམངས་ཡོངས་ལ་ཁྲིམས་ཁྱབ་བརྡལ་གཏོང་ཞིང་ཁྲིམས་སྲུང་དུ་འཇུག་པ་རྒྱུན་འཁྱོངས་བྱས་པ་དེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་བརྩིས་ནས། རྒྱལ་ཁབ་ལས་ཁུངས་ཀྱིས་“སུས་ཁྲིམས་བསྟར་ན། དེས་ཁྲིམས་ཁྱབ་བརྡལ་གཏོང་བའི་”ཁྲིམས་ཁྱབ་བརྡལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་ལེན་དུ་བསྟར་བ་དང་། ཁྲིམས་སྐྱོང་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་བསྡུས་ནས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་མངོན་གསལ་སྒོས་ཇེ་མཐོར་ཕྱིན། ང་ཚོས་ཁྲིམས་སྐྱོང་དཔུང་སྡེའི་འཛུགས་སྐྱོང་ལ་སྐུལ་འདེད་དང་། བཅའ་ཁྲིམས་ཀྱི་ཞབས་ཞུའི་དཔུང་ཁག་འཕེལ་རྒྱས་དང་རྒྱ་བསྐྱེད་པ། བཅའ་ཁྲིམས་རིག་པའི་སློབ་གསོ་དང་ཁྲིམས་སྐྱོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཤུགས་སྣོན་རྒྱག་པ། དེ་མིན་ང་ཚོས་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་དང་། རུལ་སུངས་ཉེས་གསོག་གི་སྤྱོད་པར་ཁྲིམས་ལྟར་ཉེས་ཆད་བཅད་དེ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་ཐད་ཕན་འབྲས་ཆེན་པོ་ཐོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ། བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་སྟོན་བསམ་བློ་དང་འཕེལ་རྒྱས་ལམ་བུ། ལས་ཀའི་བཀོད་སྒྲིག གནད་ཆེའི་ལས་འགན་བཅས་གཏན་ལ་ཕབ་ཡོད། མདོར་བསྡུས་ནས་བཤད་ན་གཙོ་བོ་གཤམ་གྱི་དོན་ཚན་བཅུའི་ནང་དུ་འདུས།

གཅིག ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་པའི་ཐད་ཤུགས་སྣོན་རྒྱག་པར་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་གཞི་རྩའི་འགན་ལེན་ཡིན་ཞིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གི་འགོ་ཁྲིད་ཇེ་ཞན་དུ་གཏོང་བ་གཏན་ནས་མ་ཡིན་གྱི། དེ་ཇེ་ལེགས་དང་ཇེ་བརྟན་དུ་གཏོང་བ་དང་། ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས་ཏང་གི་སྲིད་འཛིན་གོ་གནས་ཇེ་བརྟན་དུ་གཏོང་ཕྱིར་ལགས། ཏང་གིས་འགོ་ཁྲིད་ནས་ཁྲིམས་འཛུགས་པ་དང་ཁྲིམས་བསྟར་ཁག་ཐེག་བྱེད་པ། སྲིད་ཁྲིམས་ལ་རྒྱབ་སྐྱོར་བྱེད་པ། འགོ་བྱས་ནས་ཁྲིམས་བརྩི་བ་བཅས་མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་བགྱི་དགོས་ཤིང་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལས་སྲོལ་འཐུས་ཇེ་ཚང་དུ་གཏོང་དགོས་ལ། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བརྒྱུད་རིམ་ལྟར་ཏང་གི་འདོད་ཚུལ་རྒྱལ་ཁབ་ཀྱི་འདོད་འདུན་དུ་འགྱུར་ཞིང་བཅའ་ཁྲིམས་སུ་ཆགས་པ། བཅའ་ཁྲིམས་བརྒྱུད་དེ་ཏང་གི་སྲིད་ཇུས་ཆོད་ཆེའི་སྒོས་ལག་བསྟར་བྱ་བར་འགན་སྲུང་བྱས་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཡང་དག་པའི་ཁ་ཕྱོགས་ཁག་ཐེག་བྱེད་དགོས།

གཉིས། མི་དམངས་ཀྱི་གཙོ་བདག་གི་གོ་གནས་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པ་ནི་མི་དམངས་ཀྱི་ཆེད་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ། མི་དམངས་ལ་སྲུང་སྐྱོབ་བཅས་བྱེད་དགོས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་གྱི་ཁྲིམས་སྐྱོང་གི་རིན་ཐང་འདིར་ངེས་པར་དུ་ངོས་ཟིན་ཡག་པོ་བགྱི་དགོས་ལ། ཧུར་ཐག་གིས་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་། སྲིད་འཛིན་གྱི་ཐག་གཅོད་རེ་རེ། སྲིད་ཁྲིམས་ཀྱི་གྱོད་གཞི་རེ་རེའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་གྱི་ཚོར་བ་ཉམས་སུ་མྱོང་ཐུབ་པར་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་མངོན་པ་དང་། མི་དམངས་ཀྱི་འདོན་འདུན་ཚུར་སྣང་བྱེད་པ། མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ་བཅས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱས་ཏེ། ཏང་གི་འགོ་ཁྲིད་འོག་མི་དམངས་ཀྱིས་ཐབས་སྣ་ཚོགས་དང་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་ལས་དོན་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག སྤྱི་ཚོགས་ཀྱི་ལས་དོན་བཅས་ལ་དོ་དམ་བྱེད་པར་འགན་ལེན་བགྱི་དགོས།

གསུམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁ་ཕྱོགས་གཏན་ནས་ནོར་མི་སྲིད་དེ། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་བབས་དང་དོན་དངོས་ལ་གཞིགས་ནས་རང་དང་འཚམ་པའི་ཁྲིམས་སྐྱོང་གི་ལམ་དུ་བགྲོད་དགོས་པ་ལས། མཐའ་གཅིག་ཏུ་རྒྱལ་ཁབ་གཞན་གྱི་ཐབས་དང་ལས་ཕྱོགས་ལ་ལད་མོ་བྱ་མི་རུང་ཞིང་། ནུབ་ཕྱོགས་པའི་“ཁྲིམས་སྲིད་”དང་“དབང་གསུམ་མཉམ་གནས་”དང་“སྲིད་ཁྲིམས་རང་རྐྱ་བར་གནས་པ་”བཅས་ཀྱི་ལམ་ལ་བགྲོད་མི་རུང་།

བཞི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཅིག་འཛུགས་པར་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཅའ་ཁྲིམས་ཀྱི་མངོན་སྟངས་ཤིག་ཡིན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཅིག་འཛུགས་པའི་སྤྱིའི་གནད་འདི་བཟུང་ནས། ཧུར་ཐག་སྒོས་འཐུས་ཚང་གི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་། ལས་ཕྱོད་མཐོ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག ཚགས་དམ་པོའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག སྟོབས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་ཆགས་པར་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ལེགས་པོ་ཞིག་གྲུབ་ནས། རྒྱུན་ཆད་མེད་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྣམ་པ་གསར་པ་ཞིག་གཏོད་དགོས།

ལྔ། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ཐུན་མོང་ཐོག་སྐུལ་འདེད་བྱེད་པར་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་མ་ལག་ཅན་གྱི་ལས་གཞི་ཞིག་ཡིན་པས། ངེས་པར་དུ་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག གནད་འཛིན་པ། སྤྱིའི་ཆ་ནས་འཆར་འགོད་བགྱི་དགོས་ཤིང་། སྔར་ལས་ཀྱང་དེའི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྡེབ་རང་བཞིན་བཅས་ལ་དོ་སྣང་བྱེད་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་ཏེ། དེའི་གནད་ནི་ཏང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་ས་གནས་ཁག་གི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ལ་སོ་སོའི་གནད་འཛིན་ས་དང་གཅིག་ལ་གཅིག་བརྟེན་དུ་གནས་ལ། ཁྲིམས་སྐྱོང་རྒྱལ་ཁབ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དམིགས་འབེན་དང་། ཁྲིམས་སྐྱོང་སྲིད་གཞུང་ནི་ཁྲིམས་ལྟར་རྒྱལ་སྐྱོང་གི་རྣམ་པ་ཆགས་པའི་གཙོ་གཞི་ཡིན་ལ། ཁྲིམས་སྐྱོང་སྤྱི་ཚོགས་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་བསྐྲུན་པའི་རྨང་གཞི་ཡིན། ལམ་ལུགས་དང་བཅའ་ཁྲིམས་སྤྱོད་ཤེས་ཀྱིས་རྒྱལ་ཁབ་བསྐྱང་སྟེ། ཏང་གི་ཚན་རིག་དང་མཐུན་པའི་ངང་སྲིད་སྐྱོང་དང་དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བའི་ཆུ་ཚད་བཅས་མཐོ་རུ་འདེགས་དགོས།

དྲུག རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལ་བརྟེན་ནས་སྲིད་སྐྱོང་བ་གཉིས་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐོག་མར་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་སྲིད་སྐྱོང་བར་ཐོག་མར་རྩ་ཁྲིམས་ལ་བརྟེན་ནས་སྲིད་སྐྱོང་བ་རྒྱུན་འཁྱོངས་བགྱི་དགོས། ཏང་གིས་མི་དམངས་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་དང་དེ་ལག་བསྟར་བྱེད་དགོས་ན། ཏང་རང་ངོས་ནས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ཁྲོད་ལས་དོན་གཉེར་དགོས། སྤྱི་དམངས་དང་སྤྱི་ཚོགས་རྩ་འཛུགས། རྒྱལ་ཁབ་ལས་ཁུངས་གང་ཞིག་ཡིན་རུང་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་སྤྱོད་ལམ་གྱི་ཚད་གཞི་བཟུང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་ཁེ་དབང་དང་དབང་ཆ་སྤྱོད་པ་དང་། འོས་འགན་དང་འགན་འཁྲི་དང་ལེན་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་དབང་ཆ་མེད་ལ། དེ་དང་འགལ་བའི་ལས་ཡོད་ཚད་ལ་ངེས་པར་རྩད་གཅོད་བྱེད་དགོས།

བདུན། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ཏན་ཏིག ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་སྲིད། ཁྲིམས་སྲུང་སོགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་གཙོ་བོ་ཐག་གཅོད་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་བཟུང་སྟེ། ཁྲིམས་འཛུགས་ལམ་སྲོལ་འཐུས་ཇེ་ཚང་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་འདེགས་དགོས། གཟབ་ནན་གྱིས་ཁྲིམས་བསྟར་བར་སྐུལ་འདེད་དང་། ཁྲིམས་བསྟར་གྱི་ལམ་སྲོལ་མཐུན་འགྱུར་བྱེད་པ། སྲིད་འཛིན་ཁྲིམས་ལྟར་གྱི་སྒྲིག་རིམ་ཇེ་ལེགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་སྲིད་འཛིན་ཁྲིམས་ལྟར་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ཁྲིམས་འཛིན་ལས་ཁུངས་ཀྱིས་རང་རྐྱའི་ངང་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་། ཁྲིམས་འཛིན་དབང་ཆ་ལས་བགོའི་འགན་འཁུར་དང་ཕན་ཚུན་རམ་འདེགས། ཕན་ཚུན་ཚོད་འཛིན་བྱེད་པའི་ལམ་ལུགས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་དགོས། དམངས་ཡོངས་ལ་ཁྲིམས་སྤེལ་བའི་ཤུགས་ཇེ་ཆེར་བཏོན་ནས། སྤྱི་ཚོགས་ཡོངས་ཀྱིས་ལས་བསྒྲུབ་དུས་ཁྲིམས་ལྟར་བསྒྲུབས་པ་དང་། དོན་ལ་འཕྲད་དུས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་དུས་ཁྲིམས་སྤྱོད་པ། འགལ་བ་ཞི་བར་བྱེད་དུས་ཁྲིམས་ལ་བརྟེན་པའི་ཁྲིམས་སྐྱོང་གི་ཁོར་ཡུག་ཅིག་བསྐྲུན་དགོས།

བརྒྱད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩོད་སྒྲུབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་ཆབ་སྲིད་དང་ཁྲིམས་སྐྱོང་། སྒྱུར་བཅོས་དང་ཁྲིམས་སྐྱོང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་འབྲེལ་བ་བཅས་ཐག་གཅོད་ཡང་དག་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་ནི་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས། “སྒྱུར་བཅོས་དང་ཁྲིམས་སྐྱོང་ནི་འདབ་ཆགས་ཀྱི་གཤོག་ཟུང་དང་རླངས་འཁོར་གྱི་འཁོར་ལོ་”བཞིན། ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་དང་། སྒྱུར་བཅོས་ཁྲོད་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་དང་སྤྱོད་སྐྱོང་གཉིས་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྤེལ་ཟླ་བྱེད་རེས་མངོན་འགྱུར་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་ཕན་ཚུན་གསབ་རེས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་གཞི་བཅོལ་ནས་རྒྱལ་སྐྱོང་སྲིད་གཉེར་བྱེད་པར་མ་ཟད། ཏང་ནང་གི་ཁྲིམས་སྲོལ་གཞིར་བཟུང་སྟེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་ནན་སྐྱོང་བྱེད་པར་འགན་ལེན་བགྱི་དགོས།

དགུ། སྤྱོད་ཡོན་གཉིས་ལྡན་དང་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་གྱི་དཔུང་ཁག་ཅིག་འཛུགས་པར་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་ཏང་དང་རྒྱལ་ཁབ། མི་དམངས་དང་བཅའ་ཁྲིམས་བཅས་ལ་བློ་དཀར་སེམས་དཀར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་འཛུགས་དགོས། ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཐད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ། ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་དངོས་གཞི་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འགྱུར་བར་སྐུལ་སྤེལ་བྱས་ཏེ་ལས་རིགས་ཀྱི་བྱང་ཚད་དང་ཆེད་ལས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་སྐྱེས་བུ་གསོ་སྐྱོང་བྱ་རྒྱུ་དང་། ཀུན་སྤྱོད་དང་བཅའ་ཁྲིམས་མཉམ་བཟུང་རྒྱུན་འཁྱོངས། ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་ཏེ། ཧུར་ཐག་གིས་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་དང་རྗེས་རབས་སྟོབས་ཤུགས་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས།

བཅུ། འགོ་ཁྲིད་ལས་བྱེད་པ་ཞེས་པའི་“འགག་རྩའི་ཉུང་ཤས་”ལ་དམ་དུ་འཛིན་པར་རྒྱུན་འཁྱོངས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ནི་ཏང་གི་སྲིད་སྐྱོང་དབང་ཆ་དང་། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ། སྲིད་འཛིན་དབང་ཆ། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་བྱེ་བྲག་ཏུ་ལག་བསྟར་བྱེད་མཁན་ཡིན་པས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགག་རྩའང་ཡིན། འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་འགོ་ཁྲིད་དེ་ཁྲིམས་སྐྱོང་ལ་བརྩི་བཀུར་དང་། བཅའ་ཁྲིམས་ལ་བཀུར་ཞིང་སྐྲག་པ། བཅའ་ཁྲིམས་ལ་རྒྱུས་ལོན་དང་ངོས་ཟིན་པ། སྒྲིག་སྲུང་ཁྲིམས་བརྩི་བྱེད་པ། ཁྲིམས་སྐྱོང་ལ་སྲུང་སྐྱོང་བྱེད་པ། ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱེད་པ། བཅའ་ཁྲིམས་ལྟར་ལས་སྒྲུབ་ཅིང་། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། འགལ་བ་སེལ་བ། བརྟན་གནས་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་ཟམ་མི་ཆད་པར་མཐོར་འདེགས་སུ་བཏང་སྟེ། ཁྲིམས་བརྩི་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་བྱས་ནས། ལག་ལེན་ལ་དངོས་ཀྱིས་སྤྱི་ཚོགས་ཡོངས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་དུ་འཇུག་དགོས།

འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་འདི་དག་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཁྲིམས་སྐྱོང་བསམ་བློ་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་པ་ཡིན་ཞིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་གཞི་འཛིན་སའང་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་། ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས།

བསམ་གཏན་དོན་གྲུབ་ཀྱིས་བསྒྱུར།