རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཉིད་སྟེགས་བུ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་།

དང་པོ། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་ལེན་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་ཡོང་བ་དང་འབྲེལ་བའི་རྩ་བའི་ཇུས་གཞི་ཆེན་པོ་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱིས་སྔོན་མ་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་དགའ་ཞེན་བྱེད་པ་དང་། ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་རིག་གནས་ཀྱི་ཁྲོད་དུ་སྐྱེ་ཁམས་རིག་གནས་ཕུན་སུམ་ཚོགས་པོ་ཞིག་ཉར་ཡོད། དེ་ཡང་《སྤོར་ཐང་》དུ། “རང་བྱུང་འཇིག་རྟེན་གྱི་མཛེས་སྤྲས་ལ་རྟོག་ཞིབ་བྱས་ཚེ། དུས་ཀྱི་འགྱུར་ལྡོག་དཔྱིས་ཕྱིན་པར་རྟོགས་པ་དང་། མི་ཡུལ་གྱི་མཛེས་སྤྲས་ལ་རྟོག་ཞིབ་བྱས་ཚེ་གནམ་འོག་གི་མི་ལ་གྲུབ་འབྲས་ཐོབ་པར་སློབ་གསོ་བྱེད་ཆོག་གོ །” “གནམ་སའི་འཁོར་སྐྱོད་ངེས་ལུགས་ལྟར་འཚོ་ལུགས་བཀོད་སྒྲིག་དང་། གནས་སའི་འཁོར་སྐྱོད་དང་སྡེབ་ཅིང་ཆ་རྐྱེན་ལ་བརྟེན་ནས་ཕན་འབྲས་ཐོབ་རོགས་བྱའོ། །” ཞེས་དང་། 《ལའོ་ཙི་》ལས། “མིའི་མིག་ལྟོས་ནི་ས་དང་། ས་ཡི་མིག་ལྟོས་ནི་གནམ་དང་། གནམ་གྱི་མིག་ལྟོས་ནི་ལམ་རེད་དོ། །ལམ་གྱི་མིག་ལྟོས་ནི་རང་གི་རྣམ་པ་རེད་དོ། །”《 མེང་ཙི་》རུ། “མི་སེར་གྱིས་ཞིང་ལས་རྨོ་འདེབས་དང་འབྲེག་སྡུད་ཀྱི་དུས་ཡོལ་བར་མ་བྱས་ཚེ་འབྲུ་རིགས་ཟ་རྒྱུ་མང་པོ་ཡོད་ལ། ཉ་རྒྱ་དོགས་མོ་མཚོ་ནང་དུ་མ་འཕངས་ན་ཉ་དང་རུས་སྦལ་ཟ་རྒྱུ་མང་པོ་ཡོད་ལ། ཤིང་སྡོང་དུས་ཚོད་ལྟར་དུ་བཅད་ན་ཤིང་ཆ་བཀོལ་རྒྱུ་མང་པོ་ཡོད་པ་ནི་སྨོས་མ་དགོས་སོ། །” 《ཞུན་ཙི་》ལས། “རྩྭ་རྩི་ཤིང་ལ་ལོ་འདབ་རྒྱས་མ་ཐག་པའི་དུས་སུ། དེ་དག་འབྲེག་པ་དང་གཅོད་པ། ཡང་ན་དེ་དག་གི་ལྗང་བུ་གཅོད་པ་སོགས་བྱ་མི་རུང་ཞིང་། དེ་དག་གི་འཚར་ལོངས་ལ་བར་དུ་གཅོད་མི་རུང་”ཞེས་དང་། 《མི་སེར་མཁོ་བསྡུས་》སུ། “དུས་དང་ནི་བསྟུན། སའི་ཐེག་ཚད་ལ་ཡང་འཇལ་ན། སྟོབས་ཤུགས་ཆུང་ངུས་ཀྱང་རྒྱལ་ཁ་ཆེན་པོ་ལེན་ཐུབ་”ཞེས་བརྗོད་ཡོད། ལྟ་བ་འདི་དག་གིས་གནམ་དང་ས་དང་མི་བཅས་གཅིག་གྱུར་ཡོང་བ་དང་། རང་བྱུང་སྐྱེ་ཁམས་དང་མིའི་རིགས་ཀྱི་ཤེས་དཔལ་ཟུང་འབྲེལ་བྱ་རྒྱུ་དང་། རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་འོག་བྱེད་སྒོ་སྤེལ་བ། དུས་བབ་དང་བསྟུན་ནས་སྤྱོད་པ་དང་། ཚོད་འཛིན་ཡོད་པར་སྤྱོད་པ་བཅས། མེས་པོ་རྣམས་ཀྱིས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ཐག་གཅོད་པའི་ངོས་ཟིན་གལ་ཆེན་མཚོན་པར་བྱས་ཡོད།

ཡང་ཅིག་བཤད་ན། རང་རྒྱལ་གྱིས་གནའ་སྔ་མོ་ནས་རང་བྱུང་སྐྱེ་ཁམས་ཀྱི་འདུ་ཤེས་ནི་རྒྱལ་ཁབ་ཀྱི་དོ་དམ་ལམ་ལུགས་ཀྱི་གྲས་སུ་ཚུད་པར་བྱས་ཡོད་དེ། རི་ཆུ་ནགས་གསུམ་ལ་བདག་གཉེར་བྱེད་པའི་ཆེད་གཉེར་ལས་ཁུངས་བཙུགས་ཡོད་པ་མ་ཟད། བཀའ་ཁྲིམས་དང་སྲིད་ཇུས་གཏན་འབེབས་བྱས་ཡོད་དེ། དེ་ནི་ཡུས་ཧེང་ལམ་ལུགས་སོ། །《ཀྲུའུ་ལུགས་》ཀྱི་ནང་དུ། “ཡུས་ཧེང་ལ་ནགས་ཚལ་སྲུང་བའི་བཀའ་ཁྲིམས་བཅོས། བཀའ་ཁྲིམས་བཙན་པས་ཀུན་ཀྱིས་གུས་ཤིང་བསྲུངས་”ཞེས་དང་། “ལིན་ཧང་གི་ནགས་ཚལ་ལ་ལྟ་རྟོག་བྱ་བའི་བཀའ་ནི། ཀུན་གྱི་བསྲུང་བྱ་ཡིན་”ཞེས་སོ། །ཆིན་དང་ཧན་གྱི་དུས་སྐབས་སུ། ཡུས་ཧེང་ལམ་ལུགས་ནི་ནགས་དཔོན་དང་། མཚོ་དཔོན། གླིང་དཔོན། ཁོངས་དཔོན་སོགས་སུ་དབྱེ་ཡོད་ཅིང་། ཡུས་ཧེང་ལམ་ལུགས་དེ་ཉིད་ཆིང་རྒྱལ་རབས་བར་དུ་རྒྱུན་མཐུད་པ་བྱུང་། རང་རྒྱལ་གྱི་རྒྱལ་རབས་མི་ཉུང་བ་ཞིག་ལ་རང་བྱུང་ཁོར་ཡུག་སྲུང་སྐྱོང་གི་བཀའ་ཁྲིམས་མཆིས་ཤིང་། རྒྱབ་འགལ་བྱེད་མཁན་ལ་ཁྲིམས་ཆད་ནན་མོ་གཅོད་པའི་སྲོལ་བྱུང་ཡོད་དེ། ཀྲུའོ་ཝུན་ཝང་གིས་ཁྱབ་བསྒྲགས་བྱས་པའི་《ནགས་གཅོད་བཀའ་རྒྱ་》རུ། “གཞན་གྱི་གཞིས་ཀ་མ་བཤིག ཁྲོམ་པ་མ་གསུབ། སྐྱེ་དངོས་མ་གཅོད། སྒོ་ཕྱུགས་མ་གསོད། བཀའ་རྒྱབ་འགལ་བྱེད་ན། སྲོག་ཁྲིམས་གཅོད་རྒྱུ་”ཞེས་གཏན་འབེབས་བྱས་ཡོད།

སྐྱེ་ཁམས་བཟང་ན་ཤེས་དཔལ་དར་ཞིང་། སྐྱེ་ཁམས་རྒུད་ན་ཤེས་དཔལ་རྒུད། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་གཞི་རྩ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་འགྱུར་བ་ཉིད་ཤེས་དཔལ་དར་རྒུད་བརྗེ་སྤོ་དང་ཐད་ཀར་འབྲེལ་ཡོད་པ་རེད། གནའ་བོའི་ཨེ་ཅིབ་དང་། གནའ་བོའི་པ་པི་ལུང་། གནའ་བོའི་རྒྱ་གར། གནའ་བོའི་ཀྲུང་གོ་བཅས་ཤེས་རིག་དར་བའི་གནའ་བོའི་རྒྱལ་ཁབ་ཆེན་པོ་བཞི་ཚང་མ་ནི་ནགས་ཚལ་སྟུག་ཅིང་ཆར་ཆུ་འཛོམས་པ། ས་རྒྱུ་གཤིན་པོའི་ས་ཁུལ་ཤ་སྟག་རེད། ལང་ལོང་འབབ་པའི་འབྲི་ཆུ་དང་རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་ཁུངས་ཡིན་ལ། འོད་སྟོང་འབར་བའི་ཀྲུང་ཧྭའི་ཤེས་རིག་གསོ་སྐྱོང་བྱས་ཡོད། རེད་དེ་སྐྱེ་ཁམས་ཁོར་ཡུག་ཉམས་རྒུད་ཚབས་ཆེན་བྱུང་ནས་ས་ཞིང་བྱེ་ཐང་དུ་གྱུར་པས་གནའ་བོའི་ཨེ་ཅིབ་དང་གནའ་བོའི་པ་པི་ལུང་ཉམས་རྒུད་དུ་ཕྱིན་པ་རེད། རང་རྒྱལ་གྱི་གནའ་རབས་ཀྱི་ས་ཁུལ་ཁ་ཤས་ཤིག་ཏུའང་ཡིད་ཕམ་ཆེ་བའི་གནས་ཚུལ་བྱུང་བ་རེད། སྔོན་གྱི་དུས་སྐབས་ཤིག་རིང་ལ་གཟི་འོད་ལམ་ལམ་འཕྲོ་བའི་ལོའུ་ལན་རིག་གནས་ཀྱང་གཞི་རྒྱ་ཆེ་བའི་བྱེ་འོག་ཏུ་མནན་པ་རེད་དེ། སྔོན་གྱི་དུས་དེ་ནི་རྩ་ཆུ་འཛོམས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད། སྔོན་གྱི་དུས་ས་ཆུ་བཟང་བའི་རྨ་ནུབ་དོག་ལམ་དང་། ས་སེར་མཐོ་སྒང་ཡང་ནགས་གཏོར་ས་སློག་དང་ཤིང་ནགས་གང་བྱུང་དུ་བཅད་པའི་སྟབས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དང་། དཔལ་འབྱོར་ཉམས་རྒུད་དུ་གྱུར་པ་རེད། ཐང་རྒྱལ་རབས་དུས་དཀྱིལ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་ལྟེ་གནས་རིམ་གྱིས་ཤར་ལྷོའི་ཕྱོགས་སུ་བསྒྱུར་བ་དང་། དེ་ཡང་ཕྱོགས་ངེས་ཅན་ཞིག་གི་སྟེང་ནས་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་འཕེལ་འགྱུར་དང་འབྲེལ་བ་ཡོད་པ་རེད།

2018ལོའི་ཟླ་5པའི་ཚེས་4ཉིན། ང་ཚོས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་ངོ་200འཁོར་བའི་དྲན་གསོ་ཚོགས་ཆེན་འཚོགས། ཚོགས་འདུའི་ཐོག་ངས་གལ་བོ་ཆེ་ལ་ནན་ཏན་གྱིས་མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། མར་ཁེ་སི་རིང་ལུགས་ཀྱི་མི་དང་རང་བྱུང་འབྲེལ་བའི་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་དེ་ལག་ལེན་བྱ་དགོས་ཚུལ་བཤད་པ་ཡིན། མར་ཁེ་སི་དང་ཨེན་ཀི་སིའི་དགོངས་པ་ལྟར་ན། “མི་ནི་རང་བྱུང་ཁམས་ལ་བརྟེན་ནས་འཚོ་དགོས་པ་”དང་། མིའི་རིགས་ཀྱིས་རང་བྱུང་ཁམས་དང་ཕན་ཚུན་འགྲོ་འོང་གི་ཁྲོད་ཐོན་སྐྱེད་བྱེད་པ་དང་། འཚོ་བ་རོལ་བ། འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ཤིང་། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བརྩི་འཇོག་བྱས་ན། རང་བྱུང་ཁམས་ཀྱི་ལག་རྟགས་རག་ཐུབ་པ་རེད་མོད། “གལ་སྲིད་མིའི་རིགས་ཀྱིས་ཚན་རྩལ་དང་གསར་གཏོད་ལ་བརྟེན་ནས་རང་བྱུང་ཁམས་དབང་དུ་བསྡུ་བསམ་ན། རང་བྱུང་ཁམས་ཀྱིས་ཕྱིར་རྒོལ་ལན་སྤྲོད་ངེས་རེད།” ཨེན་ཀེ་སིས་《རང་བྱུང་རྩོད་སྒྲུབ་རིག་པའི་》ཁྲོད་འདི་ལྟར་བྲིས་ཡོད་དེ། མེ་སོ་པུ་ཏ་མི་ཡ། རྒི་རིགས། ཨེ་ཤ་ཡ་ཆུང་བ་དང་དེ་བཞིན་ས་གནས་གཞན་པ་ཁག་གི་ཡུལ་མི་རྣམས་ཀྱིས། རྨོ་ཞིང་ཐོབ་པའི་ཆེད་དུ་ཤིང་ནགས་ལ་གཏོར་སྐྱོན་བཏང་། ཡིན་ནའང་ཁོ་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ་དེ་དག་ལ་གཏོར་སྐྱོན་བཏང་བའི་རྐྱེན་གྱིས་ད་ལྟ་ས་ཆ་འདི་དག་མྱ་ངམ་ཐང་དུ་གྱུར་ཡོད་པ་རེད། ཁོ་ཚོས་ས་ཆ་འདི་དག་གི་ཤིང་ནགས་བཅད་པས་ཆུའི་འདུ་གནས་དང་མཛོད་ཁང་ཤོར་བ་རེད། ཨའར་པེ་སི་རི་བོའི་དབྱི་ཐ་ལིའི་མི་ཡིས། རིའི་བྱང་ངོས་སུ་གསོ་སྐྱོང་གང་ལེགས་བྱས་ཡོད་པའི་ཤིང་ནགས་རྩ་རྫོགས་བྱེད་དུས། ཁོ་ཚོའི་ས་ཁུལ་དེ་གའི་རི་མཐོའི་ཕྱུགས་ལས་རྩ་བ་ནས་གཏོར་བརླག་བྱས་ཚར་བ་ཚོར་མེད་ལ། བྱ་སྤྱོད་དེ་དག་གི་རྐྱེན་པས་ལོ་གཅིག་གི་དུས་མང་ཤོས་སུ་རྫ་ཆུ་སྐམ་པ་དང་། དུས་མཚུངས་སུ་ཆར་དུས་སུ་ཐང་ཆེན་དུ་ཆུ་ལོག་ཆེན་པོ་བྱུང་བ་དེ་ལའང་བློ་ཡིད་ལ་ཤར་མེད།

ལོ་རྒྱུས་ཀྱི་མེ་ལོང་ལ་བལྟས་ན། དར་རྒུད་ཀྱི་འགྱུར་བ་གསལ། ངས་ཡང་དང་བསྐྱར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་དང་ཐག་གཅོད་ཡང་དག་པ་བྱེད་དགོས་ཞེས་བཤད་དོན་ནི། རང་རྒྱལ་གྱི་ཁོར་ཡུག་ཤོང་ཚད་ལ་ཚད་ཡོད་པ་དང་། སྐྱེ་ཁམས་མ་ལག་ཉམས་ཞན་ཡིན་པ། སྦགས་བཙོག་མང་བ་དང་གྱོང་གུན་ཆེ་བ། ཉེན་ཁ་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ལ་རྩ་བའི་ཐད་ནས་འགྱུར་བ་བྱུང་མེད་པ་དང་། དེར་མ་ཟད་དམིགས་བསལ་ཅན་གྱི་ས་ཁམས་ཁོར་ཡུག་གིས་ས་ཁུལ་བར་གྱི་དོ་མི་སྙོམས་པའི་གནས་བབ་ཛ་དྲག་ཏུ་བཏང་ཡོད། “ཧུའུ་ཧོན་ཡུང་ཐིག་”གི་ཤར་ནུབ་ཕྱོགས་ཀྱི་ས་ཆ་43%གྱི་སྟེང་དུ་རྒྱལ་ཡོངས་ཀྱི་མི་གྲངས་ལས་94%འཚོ་སྡོད་བྱས་ཡོད་པ་དང་། བདེ་ཐང་ཡིན་པ་དང་ཆུའི་དྲ་རྒྱ་འཐེན་ཡོད་པ། རི་སྒང་དམའ་མོ་དང་ཁ་སི་ཐིའི་ས་དབྱིབས་གཙོ་བོ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་གནོན་ཤུགས་ཧ་ཅང་ཆེ། “ཧུའུ་ཧོན་ཡུང་ཐིག་”གི་ནུབ་བྱང་ཕྱོགས་ཀྱི་ས་ཆ་57%གྱི་སྟེང་། རྒྱལ་ཡོངས་ཀྱི་མི་གྲངས་6%འཚོ་སྡོད་བྱས་ཡོད་པ་དང་། རྩྭ་ཐང་དང་། གྲམ་ཐང་བྱེ་ཐང་། སྤང་ལྗོངས། གངས་ལྗོངས་ས་མཐོ་གཙོ་བོ་ཡིན་ཞིང་། སྐྱེ་ཁམས་མ་ལག་ཧ་ཅང་ཉམས་ཞན་ཡིན། གཞི་རྩའི་རྒྱལ་གནས་ཞེ་ན། འདི་ནི་དེའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་གཅིག་འགྱུར་སྒོས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། མཐུན་འགྲིག་ངང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་དུ་བཟུང་ཡོད་པ་དང་། རྩ་བའི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ལྡན་པའི་ལས་དོན་རིམ་པར་སྤེལ་བ་དང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པར་བཏོན་ཡོད། ཉིན་རེར་བཞིན་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་སེམས་སུ་ཟུག་པར་བྱས་ནས། སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལམ་ལུགས་འདོན་ཐེངས་མང་བ། ཁྲིམས་འཛིན་དོ་དམ་བྱེད་ཚད་དམ་པ། ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་གཏོང་ཚད་མགྱོགས་པ་བཅས་སྔ་ན་མེད་པ་བྱུང་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་བ་བྱུང་།

ངས་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་བཞིན་ཡོད། ཀྲེང་ཏིང་དང་། ཞ་མེན། ཉིང་ཏེ། ཧྥུ་ཅན། ཀྲེ་ཅང་། ཧྲང་ཧའེ་སོགས་སུ་ལས་ཀ་བསྒྲུབ་དུས། ལས་དོན་འདི་བྱ་བ་གལ་ཆེན་ཞིག་ཏུ་བཟུང་ནས་བསྒྲུབས་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་“སྲུང་སྐྱོང་ཆེན་པོ་མཉམ་དུ་སྒྲུབ་ཏེ་གསར་སྤེལ་ཆེན་པོ་མི་བྱེད་པ་”ལ་ངས་མཆན་འགོད་མཛུབ་སྟོན་བྱས་ཏེ། ཞིབ་བཤེར་ནན་པོ་བྱེད་པ་དང་། དམ་འཛིན་མཐར་ཐུག་བྱེད་པ། ཐག་གཅོད་མཐར་ཐུག་མ་བྱས་པར་མི་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ནས། རྒྱུན་དུ་རི་སྔོ་ཞིང་ཆུ་དྭངས་བ། རིགས་སོ་སོའི་སྐྱེ་ཁམས་མ་ལག་བདེ་འཇགས་བརྟན་བརླིང་ཡིན་པ་འགན་ལེན་ཏན་ཏིག་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་རྩེ་གྲས་ཇུས་འགོད་དང་ལམ་ལུགས་མ་ལག་གི་འཛུགས་སྐྲུན་སྐུལ་འདེད་མགྱོགས་སུ་བཏང་སྟེ། སྔ་རྗེས་སུ་《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐུལ་འདེད་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར་》དང་། 《སྐྱེ་ཁམས་དཔལ་ཡོན་ལམ་ལུགས་སྒྱུར་བཅོས་ཀྱི་སྤྱིའི་ཇུས་གཞི་》ཞེས་པ་བཏོན་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་སྒྱུར་བཅོས་ཀྱི་ཇུས་གཞི་40གཏན་འབེབས་བྱས་ཏེ། སྤྱི་ཡོངས་ཀྱི་དམིགས་འབེན་དང་། གཞི་རྩའི་ལྟ་བ། རྩ་དོན་གཙོ་བོ། ལས་འགན་གཙོ་བོ། ལམ་ལུགས་འགན་སྲུང་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམིགས་འབེན་ལ་གདེང་འཇོག་དཔྱད་ཞིབ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་བྲལ་རྩིས་བཤེར། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་བདའ་འདེད་སོགས་ཀྱི་ལམ་ལུགས་དངོས་སུ་བཏོན་ནས་ལག་བསྟར་བྱས་པ་བརྟེན། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གྱུར་པ་དང་། ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་ཚད་ལེན་ལྟ་ཞིབ་ཀྱི་ཁྲིམས་འཛིན་ཐད་ཀར་དོ་དམ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སྤུས་ཚད་དོ་དམ་དང་། བཙོག་འབུད་ཆོག་འཐུས་ལག་ཁྱེར། ཆུ་(མཚོ)ཡུན་རིང་བཅོས་སྐྱོང་བྱེད་པ། ཕྱི་རྒྱལ་གྱི་གད་སྙིགས་རྒྱལ་ནང་དུ་མི་ཡོང་བ་བྱེད་པ་སོགས་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ལམ་ལུགས་མགྱོགས་མྱུར་ངང་སྐུལ་སྤེལ་གཏོང་བ་དང་། ལྗང་མདོག་དངུལ་རྩའི་སྒྱུར་བཅོས་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུན་ཟུག་རེའུ་མིག་སྒྲིག་བཟོ་དང་། ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བསྡུ་བ། སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་གཏོང་བ་སོགས་ཁོར་ཡུག་དང་དཔལ་འབྱོར་སྐོར་གྱི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱ་བ་བདེ་བླག་ངང་སྤེལ་ཡོད། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཁའ་རླུང་བཙོག་སྐྱོན་བཅོས་སྐྱོང་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། ང་ཚོས་ད་དུང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་དང་། ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུ་བཅའ་ཁྲིམས། རླུང་ཁམས་ཆེན་པོ་དང་ཆུའི་སྦག་བཙོག་འགོག་སེལ་སྐོར་གྱི་བཅའ་ཁྲིམས། ཉིང་རྡུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་བཅས་ལ་སྒྲིག་བཟོ་དང་སྒྱུར་བཅོས་བཏང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཆེའི་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་སྐྱོན་གཏོང་བ་ལ་ཉེས་ཆད་གཅོད་པའི་ཚད་གཞི་གཏན་འཁེལ་བྱས་པ་དང་། ཁྲིམས་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། དམ་དྲག་གི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

ལྷག་པར་དུ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལམ་ལུགས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། བཀོལ་སྤྱོད་ཡག་པོ་གཏོང་བ། ལག་བསྟར་གཟབ་ནན་གཏོང་བ། གཞན་ལ་ཕོག་ཐུག་གཏོང་བར་མི་འཛེམ་པ། གནད་དོན་དམ་འཛིན་གྱིས་ལྷོད་གཡེང་དུ་མི་གཏོང་བ་བཅས་ཀྱིས། ས་གནས་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་ནན་མོ་དང་བྱ་སྤྱོད་ངོ་མ་རུ་འགྱུར་བར་བྱེད་དགོས།

ང་ཚོས་ལྗང་མདོག་གི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེར་བཏང་བ་དང་། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་བླངས་ཡོད། རྒྱལ་ཁབ་ཀྱི་མངའ་ཁོངས་བཀོད་སྒྲིག་ལེགས་སུ་ཕྱིན་པ་དང་། པེ་ཅིན་དང་ཐན་ཅིན། ཧོ་པེ་ས་ཆ་གསུམ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཅས་དང་ཉིང་ཞ་སོགས་ཞིང་ལྗོངས་གྲོང་ཁྱེར་15ཡི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གསལ་འབྱེད་བྱས་ཟིན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། སྦགས་བཙོག་ཆེ་བའི་ཁེ་ལས་འབོར་ཆེན་ཞིག་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱས་ཡོད། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་“ཁ་ཐོར་ཡིན་པ་དང་། རྙོག་འཛིང་ཆེ་བ། སྦགས་བཙོག་ཅན་”གྱི་ཁེ་ལས་བཅོས་སྒྲིག་བྱེད་ཤུགས་སྔར་ན་མེད་པ་བྱུང་ཡོད། ནུས་ཁུངས་འཛད་སྤྱོད་ཀྱི་སྒྲིག་གཞི་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བ་དང་། རང་རྒྱལ་ཉིད་འཛམ་གླིང་གི་ནུས་ཁུངས་གསར་པ་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བེད་སྤྱོད་པའི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་རུ་གྱུར་ཡོད། ཕྱོགས་ཡོངས་ནས་ཐོན་ཁུངས་གྲོན་ཆུང་བྱེད་རྒྱུ་སྐུལ་འདེད་བཏང་བ་དང་། ཐོན་ཁུངས་ཟད་གྲོན་འགྲོ་ཚད་མར་ཆག་ཆེན་པོ་བྱུང་ཡོད།

ང་ཚོས་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་འཆར་གཞི་ཆེན་པོ་གསུམ་ལག་བསྟར་ཟབ་མོ་བྱས་པ་དང་། རང་རྒྱལ་ནི་འཛམ་གླིང་སྟེང་གཞི་རྒྱ་ཆེ་བའི་སྒོ་ནས་PM2.5བཅོས་སྐྱོང་བྱེད་མཁན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁང་ཨང་དང་པོ་དང་། འཛམ་གླིང་ཡོངས་ཀྱི་བཙོག་ཆུ་གཙང་བཟོ་བྱེད་པའི་ནུས་པ་ཆེས་ཆེ་བ་རུ་གྱུར་པ་རེད། 2013ལོ་དང་བསྡུར་ན། 2017ལོར་རྒྱལ་ཡོངས་ཀྱི་ས་ཁུལ་338ལས་ལྷག་པའི་གྲོང་ཁྱེར་གྱི་ཕྲ་རྡུལ་PM10རྔུབ་ཚད་ཀྱི་ཆ་སྙོམས་གར་ཚད་22.7%ལས་ཇེ་དམའ་སོང་བ་དང་། པེ་ཅིན་དང་ཐེན་ཅིན། ཧོ་པེ་ས་ཁུལ་གྱི་PM2.5ཡི་ཆ་སྙོམས་གར་ཚད་39.6%མར་ཆག་ཡོད་པ་དང་། པེ་ཅིན་གྱི་PM2.5ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་རྡུལ་ཕྲ་89.5ཡིན་པ་ནས་སྨི་རྒྱ་དཔངས་གྲུ་བཞི་མ་རེར་རྡུལ་ཕྲ་58དུ་མར་ཆག་ཡོད། ས་ངོས་ཀྱི་ཆུ་ལ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཆད་ངོས་I-IIIརིགས་ཀྱི་ཆུ་གཞི་67.9%ལ་འཕར་ཡོད་པ་དང་། ཆུ་རྒྱུ་མི་ལེགས་པའི་Vརིགས་ཀྱི་ཆུ་གཞིའི་བསྡུར་ཚད་8.3%ལ་མར་ཆག་ཡོད་པ་དང་། ནགས་ཚད་ཁེབས་ཚད་དུས་རབས་འདིའི་དུས་མགོའི་16.6%ནས་22%ལ་མཐོ་རུ་ཕྱིན་ཡོད།

རང་རྒྱལ་གྱིས་ཀུན་གྱི་མདུན་བསུས་ཏེ་《ཀྲུང་གོའི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་རྒྱལ་ཁབ་ཀྱི་ཇུས་གཞི་》ཁྱབ་བསྒྲགས་བྱས་པ་དང་། 《རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཆོག་པའི་འཆར་འགོད་(2014—2020)》ལག་བསྟར་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ལ་《ཕ་རི་སིའི་གྲོས་ཆོད་》ཀྱི་མཆན་འགོད་ཡིག་ཆ་ཡར་སྤྲོད་བྱས། རང་རྒྱལ་གྱི་དྲི་ངན་དབྱང་རླུང་བང་རིམ་གྱི་དངོས་པོའི་ཟད་གྲོན་འདོར་ཚད་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་གྲངས་ཀྱི་50%ཡིན་ཟིན་ཡོད་པ་དང་། འཛམ་གླིང་གི་དྲི་ངན་དབྱང་རླུང་བང་རིམ་སྲུང་སྐྱོང་ལ་བྱས་རྗེས་འབུལ་མཁན་ཆེས་མང་བའི་རྒྱལ་ཁབ་ཡིན། 2017ལོར། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཧྲུའུ་སོགས་རྒྱལ་སྤྱིའི་སྡེ་ཚན་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག་”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་པ་རེད།

འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། དུས་མཚུངས་སུ་ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགྲན་སློང་མང་ཞིང་། གནོན་ཤུགས་ཆེ་ལ། འགལ་བ་འབུར་ཐོན་ཡིན། སྐྱེ་ཁམས་དཔལ་ཡོན་ལེགས་སྐྱོང་བྱེད་པར་ད་དུང་དཀའ་གནད་མི་ཉུང་བ་ཞིག་བརྒྱུད་དགོས་པ་དང་། ད་དུང་རུས་པ་མཁྲེགས་པོ་མང་པོ་ཞིག་འབྲད་དགོས་ལ། ད་དུང་ནད་གཞི་མི་ཉུང་བ་ཞིག་བཅོས་དགོས་པ་བཅས་གནས་བབ་སྔར་བཞིན་ཛ་དྲག་ཡིན།

སྤྱི་ཕྱོགས་ནས་བལྟས་ན། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་བྱུང་ཡོད་པ་དང་། བརྟན་པོ་ཡིན་པའི་རྨང་གཞིའི་ཐོག་ཡར་འཕེལ་གྱི་རྣམ་པ་བྱུང་ཡོད། ཡིན་ནའང་ཕན་འབྲས་དེ་ཙམ་བརྟན་པོ་ཞིག་མིན་པས་ན། ལྷོད་གཡེང་ཏོག་ཙམ་བྱུང་ན་འགྱུར་ལྡོག་འབྱུང་ངེས་པ་རེད། དཔེར་ན། ཆུ་བོའི་གྱེན་དུ་གྲུ་བཏང་ན། གྱེན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས་པ་ལྟ་བུ་རེད། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དེ་གནོན་ཤུགས་དང་དཀའ་ཚེགས་ཆེ་བའི་གནད་འགག་གི་དུས་སུ་སླེབས་ཡོད་པ་དང་། དེ་བས་མང་པོའི་སྤུས་ལེགས་པའི་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ལ་བརྟེན་ནས་མི་དམངས་ཀྱི་ཉིན་བཞིན་ཇེ་མཐོར་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་འགག་སྒྲོལ་གྱིས་དུས་སུ་སླེབས་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་པའི་ཆ་རྐྱེན་དང་ནུས་པ་འཛོམས་པའི་དུས་སུའང་སླེབས་ཡོད་པ་རེད། རང་རྒྱལ་གྱི་དཔལ་འབྱོར་ནི་མགྱོགས་མྱུར་ཆེ་བའི་དུས་སྐབས་ནས་སྤུས་ཚད་མཐོན་པོར་འཕེལ་བའི་དུས་རིམ་དུ་སླེབས་ཡོད་པས། རྒྱུན་སྲོལ་རང་བཞིན་དང་རྒྱུན་སྲོལ་རང་བཞིན་མིན་པའི་འགག་སྒོ་ཁག་ཅིག་སྒྲོལ་དགོས། གལ་ཏེ་ད་ལྟ་དམ་འཛིན་མ་བྱས་ཚེ། མ་འོངས་པར་ཐག་གཅོད་པའི་དུས་དཀའ་ཁག་སྔར་བས་ཆེ་བ་དང་། རིན་དོད་སྔར་བས་མཐོ་བ། མཇུག་འབྲས་སྔར་བས་ཚབས་ཆེན་འབྱུང་སྲིད། དེ་བས། ང་ཚོས་ཨམ་གཙིགས་བསྡམས་ནས་དཀའ་གནད་དེ་ལས་སྒྲོལ་ཐུབ་པ་བྱེད་དགོས།

2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ནི། ང་ཚོའི་ཏང་གིས་མི་དམངས་ལ་ཁས་བླངས་པའི་གཟི་བརྗིད་ཀྱི་དམ་བཅའ་ཡིན། ཕྱོགས་གཅིག་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྔར་བཞིན་སྡུག་པོ་ཡིན་མི་རུང་སྟེ། དེ་ལ་མི་དམངས་ཀྱི་ཡིད་ཆེས་ཐོབ་དཀའ་བ་མ་ཟད། ལོ་རྒྱུས་ཀྱི་ཞིབ་བཤེར་ལས་ཐར་དཀའ་བ་རེད། དེ་བས། དཀའ་ཚེགས་ཅི་ཙམ་ཆེ་ཡང་རུང་། ཐེ་ཚོམ་ཟ་བ་དང་ཕྱིར་སྣུར་བྱ་མི་རུང་སྟེ། འགག་རྩའི་དུས་སུ་འཕྲལ་ཐག་གཅོད་པའི་ཆོད་སེམས་མངའ་བ་དང་། ཤི་གསོན་གྱི་འཐབ་འཛིང་བྱ་བའི་སྤོབས་སེམས་ལྡན་པ། མཁར་རྒོལ་གྲོང་གཏོར་གྱི་འབད་སེམས་མངའ་བ་བཅས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རང་རྟོགས་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཉིས་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། ཏང་ཨུ་ཡི་འགོ་ཁྲིད་དང་། སྲིད་གཞུང་གི་གཙོ་སྐྱོང་། ཁེ་ལས་བྱེད་པོ་ཡིན་པ། མང་ཚོགས་གསབ་ཞུགས་བྱེད་པ་བཅས་རྒྱུན་འཁྱོངས་ངང་“སྔོན་ན་བཙོག་པོར་བཟོས་ནས། རྗེས་སུ་བཅོས་སྐྱོང་བྱེད་པའི་”ལམ་རྙིང་བགྲོད་པར་མཐའ་གཅིག་ཏུ་དོར་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་འཕེལ་རྒྱས་ཀྱི་མ་ལག་ལ་གནོད་སྐྱོན་དང་གཏོར་སྐྱོན་གཏོང་བ་མཐའ་གཅིག་ཏུ་དོར་དགོས། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་41སོང་བའི་རིང་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ་གང་ལེགས་བེད་སྤྱོད་བྱེད་པ་བཅས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཤུགས་ཆེ་རུ་གཏོང་དགོས།

གཉིས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་རྒྱུན་འཁྱོངས་བྱ་དགོས་ངེས་ཀྱི་རྩ་དོན་ལ་ཤུགས་སྣོན་རྒྱག་དགོས།

སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲི་དང་དམིགས་ཡུལ་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་རེད། རང་རེའི་ཏང་གིས་ཐོག་མ་ཉིད་ནས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། ཐོན་ཁུངས་ལ་གྲོན་ཆུང་དང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ཉིད་རྩ་བའི་རྒྱལ་ཇུས་སུ་གཏན་དུ་འཁེལ་བ་དང་། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གཏན་འཁེལ་བྱས་ཡོད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལག་ལེན་གཏིང་ཟབ་ཕྱིན་པ་བསྟུན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཆའི་བཀོད་པ་ལ་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་ནས། དེ་སྔོན་གྱི་“ཤེས་དཔལ་གཉིས་”ནས་“ཕྱོགས་གསུམ་གཞི་གཅིག་”དང་“ཕྱོགས་བཞི་གཞི་གཅིག་”དེ་ནས་དེ་རིང་གི་“ཕྱོགས་ལྔ་གཞི་གཅིག་”བཅས་བྱུང་བ་འདི་ནི། གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གསར་གཏོད་ཡིན་ཞིང་། དེས་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་ཀྱི་འགྱུར་ལྡོག་ཟབ་མོ་སྐྱེལ་ཡོང་བ་རེད།

ད་ལྟ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་འཚོ་བའི་དགོས་མཁོ་དང་དོ་སྙོམས་མེད་པ་དང་ཆ་ཚང་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་འགྱུར་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་མཁོ་སྙེག་ནི་འགལ་བ་འདིའི་ཕྱོགས་གཙོ་བོ་གྱུར་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མགྱོགས་མྱུར་ལེགས་སུ་འགྲོ་བར་རེ་སྒུག་ཆེན་པོ་བྱས་ཡོད། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་སྙེག་ནི་ང་ཚོའི་ཏང་གིས་འབད་འཐབ་ཀྱི་དམིགས་འབེན་ཡིན་པ་དང་། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་ས་དང་དེ་དང་ཐད་ཀར་འབྲེལ་བ་ཡོད་པ། ཆེས་མངོན་སུམ་ཡིན་པ་བཅས་ཀྱི་ཁེ་ཕན་ཐག་གཅོད་པ་ནི་སྲིད་སྐྱོང་ཏང་གི་འོས་འགན་ཡིན། མི་སེམས་ནི་ཆབ་སྲིད་ཆེས་ཆེ་ཤོས་དེ་ཡིན། ང་ཚོས་མི་དམངས་མང་ཚོགས་ཀྱི་འདོད་པ་དང་། རེ་བ། སེམས་ཁྲལ་ལ་ཧུར་ཐག་གིས་ཨ་ལན་སྤྲོད་པ་དང་། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེར་གཏོང་བ། སྤུས་ལེགས་པའི་ཐོན་རྫས་མང་པོ་འདོན་སྤྲོད་བྱས་ཏེ། རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ་བྱེད་དགོས།

མིའི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་གོ་ལ་ཧྲིལ་པོར་འཕྲད་པའི་ཐུན་མོང་གི་འགྲན་རྩོད་དང་ཐུན་མོང་གི་འགན་འཁྲི་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡག་པོ་བྱུང་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་མཚོན་ན་རྒྱན་ཐོག་ལ་ཕྲ་བཏབ་པ་ལྟར་སྣང་བ་དང་། དེ་ལས་ལྡོག་ན་མ་རུང་ཁོག་བཅུག་གི་སྟོབས་ཤུགས་ཀྱིས་ང་ཚོ་ལ་རྡུང་རྡེག་བྱེད་པའི་ཁ་གཡར་ས་ཞིག་ཏུ་འགྱུར་ངེས། མིའི་རིགས་བཟོ་ལས་ཤེས་རིག་གི་དུས་སྐབས་སུ་སླེབས་པ་ནས། སྲོལ་རྒྱུན་གྱི་བཟོ་ལས་ཅན་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། རྒྱུ་དངོས་འབོར་ཆེན་གསར་སྐྲུན་བྱེད་པའི་དུས་མཚུངས་སུ་རང་བྱུང་ཐོན་ཁུངས་ཀྱི་ཧམ་འཕྲོག་ཇེ་མགྱོགས་སུ་ཕྱིན་ནས། སའི་གོ་ལའི་སྔར་ཡོད་ཀྱི་སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་དང་དོ་སྙོམས་ལ་གཏོར་སྐྱོན་བྱུང་བ་དང་། མི་དང་རང་བྱུང་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར། དུས་རབས་གོང་མའི་ལོ་རབས་30པ་ནས་བཟུང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ཏུ་སྔ་རྗེས་སུ་ཁོར་ཡུག་སྤྱི་གནོད་དོན་རྐྱེན་མང་དུ་བྱུང་བ་དང་། གྱོང་གུན་ཧ་ཅང་ཆེ་བ་དང་། འཛམ་གླིང་ཡོངས་ཧ་ལས་ཧོན་ཐོར་བ་བྱས་པས། མི་དམངས་ཀྱིས་མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་རྣམ་པ་ལ་བསམ་གཞིག་ཞིབ་ཏུ་གཏོང་དགོས་པ་བྱུང་། མིའི་རིགས་ཀྱི་ལོ་ངོ་200ལྷག་གི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད། བཟོ་ལས་ཅན་མངོན་འགྱུར་བྱུང་བའི་རྒྱལ་ཁབ་30ལས་མི་བརྒལ་བ་དང་། མི་གྲངས་དུང་ཕྱུར་10ལས་བརྒལ་མེད་པ་རེད། མི་གྲངས་དུང་ཕྱུར་13ལྷག་ཡོད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེ་བའི་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་སྐྲུན་ན་ནི། འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ངེས་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། རང་རེའི་ཏང་གིས་སྐྱེ་ཁམས་དཔལ་ཡོན་ཅི་ཞིག་ལ་འཛུགས་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་ཅི་ལྟ་བུ་ཞིག་འཛུགས་རྒྱུ། ཅི་ལྟར་སྐྱེ་ཁམས་དཔལ་ཡོན་འཛུགས་པ་བཅས་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་ཨ་ལན་སློག་པ་དང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཡོད། དུས་རབས་གསར་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་དགོས་ན། ངེས་པར་དུ་གཤམ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པ་སྟེ།

གཅིག མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མི་དང་རང་བྱུང་ནི་ཚེ་སྲོག་གཅིག་མཐུན་ཚོགས་པའི་ཕུང་པོ་ཞིག་རེད། སྐྱེ་ཁམས་ཁོར་ཡུག་ལ་ཚབ་བྱེད་དངོས་པོ་མེད་པས་ན། བེད་སྤྱོད་གཟབ་གཟབ་མ་བྱས་ཚེ། དེ་ཉིད་ཤོར་ཚེ་ང་ཚོའང་གསོན་ཐབས་བྲལ། “གནམ་ས་དང་བདག་ཉིད་མཉམ་གནས་བྱེད། ཆོས་དངོས་ཡོད་ཚད་དང་བདག་དང་གཅིག་ཏུ་འབྲེལ།” “དུས་བཞིའི་འགྱུར་བ་བསྐྱེད་པ་ན། སྐྱེ་དངོས་འབུམ་ཕྲག་ལ་གསོན་ཤུགས་རྒྱས།” མི་རྣམས་ཀྱིས་རང་བྱུང་ཁམས་ལ་ལུགས་མཐུན་བེད་སྤྱོད་པ་དང་། དེ་ལ་བརྩེ་བའི་ངང་ནས་སྲུང་སྐྱོང་བྱས་ན། རང་བྱུང་ཁམས་ཀྱིས་རྟག་པར་ལེགས་སྐྱེས་གང་ལེགས་སྦྱིན་གི་རེད། གལ་སྲིད་མིའི་རིགས་ཀྱིས་གོ་རིམ་མེད་པར་གསར་འབྱེད་དང་། རྩུབ་སྤྱོད་ཀྱིས་རང་བྱུང་ཁམས་ལ་འཕྲོག་བཅོམ་བྱས་ཚེ། རང་བྱུང་གིས་སྙིང་རྗེ་མེད་པར་འཁོན་ལན་སློག་སྲིད། མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་མོར་གནོད་འཚེ་བཏང་ན་མཐར་ཐུག་རང་གིས་སྡུག་གྱོང་མྱོང་དགོས་པ་རེད། འདི་ནི་ཆོས་ཉིད་ཡིན་པས་ལྡོག་ཐབས་མེད། “འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་ཚད་འཆམ་མཐུན་གྱིས་འཚོ་གནས་བྱས་ན། སོ་སོ་རང་རང་ནས་གསོན་ཐུབ་པ་རེད།” འདི་སྐོར་ནས་དཔེར་བརྗོད་མང་པོ་ཡོད་པ་རེད། ཀྲན་གོའི་དུས་སྐབས་སུ་བསྐྲུན་པའི་ཏུའུ་ཅང་ཡན་ནི་ད་བར་ལོ་ངོ་2000ལྷག་གི་ལོ་རྒྱུས་ཡོད་པ་དང་། དེ་ནི་མིན་ཅང་གི་ཆུ་ལོག་གི་ཆོས་ཉིད་དང་ཁྲེང་ཏུའུ་ཐང་གཤོང་གི་ས་བབ་ཀྱི་ཁྱད་ཆོས་དང་བསྟུན་ནས། བབ་བསྟུན་སྣེ་ཁྲིད་ཀྱིས་སྐྱེ་ཁམས་ཆུ་བེད་ཀྱི་ལས་གྲྭ་ཆེ་གྲས་འཛུགས་སྐྲུན་བྱས་པ་དེས། སྐབས་དེ་རང་ལ་མ་ཟད། མི་རབས་རྗེས་མ་ལའང་བདེ་སྐྱིད་བསྐྲུན་ཡོད།

འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད། ང་ཚོས་སྔོན་ལ་གྲོན་ཆུང་བྱེད་པ་དང་། སྔོན་ལ་སྲུང་སྐྱོང་བྱེད་པ། རང་བྱུང་ཁམས་སླར་གསོ་བྱེད་པ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚུར་ལེན་པ་ལས་ཕར་གཏོང་བ་མེད་པ་དང་། འཕེལ་རྒྱས་ཁོ་ན་ལས་སྲུང་སྐྱོང་མི་བྱེད་པ། བེད་དུ་སྤྱོད་པ་ལས་ཉམས་གསོ་མི་བྱེད་པ་བཅས་བྱ་མི་རུང་ཞིང་། རང་གི་མིག་འབྲས་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། རང་གི་ཚེ་སྲོག་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། རྨང་གཞི་ཡག་པོ་འདིང་ནས་ཡུན་རིང་གི་ཁེ་ཕན་རག་པའི་འཐབ་ཇུས་འདོན་དགོས་པ་དང་། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་དང་སྐྱེ་ཁམས་ཉམས་གསོ་བྱེད་པའི་ལས་ཀ་མང་དུ་སྒྲུབ་པ་དང་། རི་ཆུ་གསོ་སྐྱོང་བྱེད་པའི་དོན་བཟང་མང་དུ་སྒྲུབ་ནས། མང་ཚོགས་ལ་རི་ཆུ་འཛོམས་པའི་ཕ་ཡུལ་གང་སེམས་སུ་ཆགས་པ་བྱེད་དགོས་ཤིང་། རང་བྱུང་ཁམས་ཀྱི་མཛེས་པ་རྒྱུན་ཆགས་སུ་བཏང་ནས། རང་བྱུང་ཁམས་ལ་དབེན་འཇམ་དང་། ཞི་མཐུན། མཛེས་པ་སྤྲོད་དགོས།

གཉིས། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། འདི་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྩ་དོན་གལ་ཆེན་ཞིག་ཀྱང་ཡིན། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་གྱི་འབྲེལ་བ་རྒྱས་བཤད་བྱས་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན་པ་གསལ་པོར་བསྟན་ཡོད་ལ། འཕེལ་རྒྱས་དང་སྲུང་སྐྱོང་མཐུན་སྦྱོར་མཉམ་གནས་ཡོང་བ་མངོན་འགྱུར་བྱ་བའི་ཐབས་ལམ་གསར་པ་ཞིག་བསྟན་ཡོད། རི་སྔོན་པོ་དང་ཆུ་དྭངས་མོ་ནི་རང་བྱུང་གི་ནོར་བུ་དང་སྐྱེ་ཁམས་ཀྱི་ནོར་བུ་ཡིན་པ་མ་ཟད། སྤྱི་ཚོགས་ཀྱི་ནོར་བུ་དང་དཔལ་འབྱོར་གྱི་ནོར་བུ་རེད། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་རང་བྱུང་གི་རིན་ཐང་དང་རང་བྱུང་གི་མ་རྩའི་གནས་ཐང་འཕར་བར་སྲུང་སྐྱོང་བྱེད་པ་རེད་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྦས་ཤུགས་དང་གཏིང་ཤུགས་ཇེ་ཆེར་འགྲོ་བར་སྲུང་སྐྱོང་བྱས་པ་རེད་དེ། རི་སྔོན་པོ་དང་ཆུ་དྭངས་མོ་ཡི་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ཕན་འབྲས་མུ་མཐུད་ནས་འདོན་སྤེལ་ཐུབ་པ་བྱས་ཡོད།

སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མཐར་གཏུགས་ན་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་གནད་དོན་རེད། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྩ་བ་ནས་ཐག་གཅོད་དགོས་ན། ངེས་པར་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་བྱེད་དགོས་ཤིང་། གང་མགྱོགས་ཀྱིས་ཐོན་ཁུངས་ལ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བར་སྟོང་བཀོད་སྟངས་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པ་བྱེད་དགོས་ཤིང་། དཔལ་འབྱོར་གྱི་བྱེད་སྒོ་དང་མིའི་བྱ་སྤྱོད་གང་དེ་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གིས་འཁུར་བཟོད་པའི་ཚད་གཞི་ལས་མི་བརྒལ་བར་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱ་བའི་དུས་ཚོད་དང་བར་སྟོང་སྦྱིན་དགོས། གང་མགྱོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཡས་མཐའ་བཅས་པའི་དམར་ཐིག་གསུམ་གྱི་དབྱེ་མཚམས་གཏན་འཁེལ་བྱ་བ་དང་དེ་ནན་གྱིས་སྲུང་དགོས། དམར་ཐིག་གསུམ་ལས་བརྒལ་བ་དང་། སྔར་བཞིན་རགས་གཉེར་ཅན་གྱི་འཕར་སྣོན་བྱེད་སྟངས་སྤྱོད་པ། ཕ་མེས་ཀྱི་ཤུལ་བཞག་ཟ་ཞོར་བུ་རབས་ཚ་རྒྱུད་ཀྱི་དཀར་ཡོལ་གཅོག་པའི་དོན་དག་སྒྲུབ་མི་རུང་བ་དང་གཏན་ནས་བསྒྲུབ་མི་ཆོག སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཐད་དུ། ལྟ་སྡོམ་བྱེད་པའི་མ་ལག་ནན་པོ་འཛུགས་དགོས་པ་དང་། དམར་ཐིག་གཅིག་གིས་སྐྱེ་ཁམས་ཀྱི་གལ་ཆེ་བའི་བར་སྟོང་ལྟ་སྡོམ་བྱ་བ་མངོན་འགྱུར་བྱེད་དགོས་ཤིང་། སྐྱེ་ཁམས་ཀྱི་བྱེད་ནུས་མར་མི་ཆག་པ་དང་། རྒྱ་ཁྱོན་མི་འཕྲི་བ། རང་བཞིན་མི་འགྱུར་བ་བཅས་ཡོང་བར་འགན་སྲུང་བྱེད་དགོས། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད་ཀྱི་ཐད་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྔར་ལས་ཇེ་བཟང་དུ་འགྲོ་བ་ལས་ཇེ་སྡུག་ཏུ་མི་འགྲོ་བ་མཐའ་ཚད་དུ་བཟུང་ནས། དེའི་རྨང་གཞིའི་སྟེང་མུ་མཐུད་དུ་ལེགས་བཅོས་གཏོང་དགོས་པ་དང་། སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ་དང་། ཁོར་ཡུག་གི་སྤུས་ཚད་ཇེ་སྡུག་ཏུ་ཕྱིན་པའི་ཁྱབ་ཁོངས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། ཐོན་ཁུངས་བེད་སྤྱོད་ཀྱི་ཡས་མཐའི་ཐད་ནས། མིའི་རིགས་དང་དེང་རབས་ཀྱི་དགོས་མཁོ་ལ་བསམ་བློ་གཏོང་དགོས་པ་མ་ཟད། རང་བྱུང་ཁམས་ཆེན་མོ་དང་མི་རབས་རྗེས་མ་རྣམས་ཀྱི་དགོས་མཁོ་ལའང་བསམ་བློ་གཏོང་དགོས་ཤིང་། རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་པའི་ཚད་བཀག་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། རང་བྱུང་ཐོན་ཁུངས་ཀྱི་ཐེག་ནུས་ལས་ཚད་བརྒལ་བྱ་མི་རུང་།

གསུམ། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་རེད། དམངས་རྣམས་དགའ་བ་ལ་དགའ་བ་དང་། དམངས་རྣམས་སྡུག་པ་ལ་སྡུག་པ། ཁོར་ཡུག་ནི་དམངས་འཚོ་དང་། རི་ལྗང་ཁུ་ནི་མཛེས་སྡུག་དང་། གནམ་སྔོན་པོ་ནི་བདེ་སྐྱིད་རེད། དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་དམངས་འཚོའི་དོན་དུ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའང་དམངས་འཚོའི་དོན་དུ་རེད། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་གང་མང་གསར་སྐྲུན་བྱས་ཏེ་མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་དགོས་པ་མ་ཟད། སྤུས་ལེགས་པའི་སྐྱེ་ཁམས་ཐོན་རྫས་གང་མང་འདོན་སྤྲོད་བྱས་ཏེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་ཤིང་སྡུག་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་དགོས། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བཟང་། སྐྱེ་ཁམས་དམངས་དོན་བཅས་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་ཁོར་ཡུག་གི་གནད་དོན་འབུར་ཐོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་མགྱོགས་སུ་གཏོང་བ་དང་། སྤུས་ལེགས་པའི་སྐྱེ་ཁམས་ཐོན་རྫས་གང་མང་འདོན་སྤྲོད་བྱེད་པ་བཅས། ཧུར་ཐག་སྒོས་སྤྱི་ཚོགས་དྲང་སྙོམས་དྲང་གཞག་ཡོང་བ་བྱས་ནས། མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

སྐྱེ་ཁམས་དཔལ་ཡོན་ནི་མི་དམངས་མང་ཚོགས་ཐུན་མོང་གིས་གསབ་ཞུགས་དང་ཐུན་མོང་གིས་འཛུགས་སྐྲུན་དང་ཐུན་མོང་གིས་མཉམ་སྤྱོད་བྱེད་པའི་བྱ་གཞག་ཅིག་ཡིན་ཞིང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་དགོས། མི་སོ་སོ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་དང་། འཛུགས་སྐྲུན་བྱེད་མཁན། ཁེ་བཟང་རག་མཁན་ཡིན་པ་ལས། ཟུར་ལྟ་མཁན་ཞིག་དང་། འབྲེལ་བ་མེད་པ་ཞིག སྐྱོན་བརྗོད་བྱེད་མཁན་ཞིག་མིན་པས། སུས་ཀྱང་དོན་དུ་མི་གཉེར་བར་སྣང་མེད་དུ་འཇོག་མི་རུང་། དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་དང་། ཁོར་ཡུག་གི་འདུ་ཤེས། སྐྱེ་ཁམས་ཀྱི་འདུ་ཤེས་བཅས་ཤུགས་ཆེར་གཏོང་དགོས་པ་དང་། སྐྱེ་ཁམས་ཀུན་སྤྱོད་དང་བྱ་སྤྱོད་ཀྱི་ཚད་གཞི་གསོ་སྐྱོང་བྱེད་པ། དམངས་ཡོངས་ཀྱི་ལྗང་མདོག་གི་བྱེད་སྒོ་སྤེལ་བ། སྤྱི་ཚོངས་ཡོངས་ལ་སྐུལ་སློང་བྱས་ཏེ་དོན་དངོས་ཐོག་ནུས་ཁུངས་དང་ཐོན་ཁུངས་ཀྱི་ཟད་གྲོན་དང་བཙོག་སྐྱོན་འབུད་གཏོང་ཇེ་ཉུང་དུ་གཏོང་བར་བྱ་རྒྱུ་བཅས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་འབུལ་དགོས།

བཞི། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན། སྐྱེ་ཁམས་ནི་གཅིག་གྱུར་གྱི་སྐྱེ་ཁམས་མ་ལག་ཅིག་ཡིན་པ་དང་། དེ་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་འབྲེལ་འདྲེས་དམ་པོ་ཡོད་པའི་རྒྱུན་ཐག་ཅིག་རེད། མིའི་སྲོག་རྩ་ནི་ཞིང་ལ་དང་། ཞིང་གི་སྲོག་རྩ་ནི་ཆུ། ཆུའི་སྲོག་རྩ་ནི་རི། རིའི་སྲོག་རྩ་ནི་ས། སའི་སྲོག་རྩ་ནི་ནགས་དང་རྩྭ་ལ་གནས་ཡོད། ཚེ་སྲོག་གཅིག་མཐུན་ཚོགས་པ་འདི་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་དངོས་པོའི་རྨང་གཞི་རེད། ངེས་པར་དུ་རྩིས་ཆེན་པོ་རྒྱག་པ་དང་། ཡུན་རིང་གི་རྩིས་རྒྱག་པ། རྩིས་ཧྲིལ་པོ་རྒྱག་པ། སྤྱི་ཡོངས་ཀྱི་རྩིས་རྒྱག་པ་ལས། ཆུང་བར་དམིགས་ནས་ཆེན་པོ་ཤོར་བའམ། འདི་ལ་དམིགས་ནས་དེ་ཤོར་བ་བྱས་ན། མཐའ་མར་སྐྱེ་ཁམས་ཁོར་ཡུག་ལ་མ་ལག་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གཏོར་སྐྱོན་ཐེབས་ངེས་རེད།

བརྒྱུད་རིམ་ལྡན་པའི་ལས་གྲྭ་དང་སྤྱི་ཡོངས་ཀྱི་ཐོག་ནས་བཅོས་ཐབས་གསར་པ་འཚོལ་དགོས་པ་ལས། མགོ་བོ་ན་དུས་མགོ་བོ་སྨན་བཅོས་བྱེད་པ་དང་། རྐང་པ་ན་དུས་རྐང་པ་སྨན་བཅོས་བྱེད་པའི་དཔེ་ལྟར། རང་རང་སོ་སོ་ནས་ཕྱོགས་གཅིག་ལ་དོ་དམ་བྱས་ནས། ཕན་ཚུན་བར་ལ་འགག་འགོག་བྱ་བའི་སྤྱོད་ཚུལ་སྤེལ་མི་རུང་བར། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། ཁྱོན་ཡོངས་ནས་ཐབས་ཇུས་འདོན་པ། ཐབས་མང་པོ་མཉམ་དུ་སྤྱོད་པ་བཅས་དང་། ཕྱོགས་ཡོངས་དང་། ས་ཁོངས་ཧྲིལ་པོ། བརྒྱུད་རིམ་ཆ་ཚང་བའི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་བྱེད་དགོས། དཔེར་ན། ཆུའི་སྦགས་བཙོག་བཅོས་སྐྱོང་བྱེད་པ་དང་། ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱ་དགོས་ན། ཆུ་ངོགས་གཡས་གཡོན་དང་། ཆུ་རྒྱུད་སྟོད་སྨད། སྐམ་ས་དང་ཆུ་ལམ། ས་འོག་དང་ས་ངོས། ཆུ་བོ་དང་རྒྱ་མཚོ། ཆུའི་སྐྱེ་ཁམས་དང་ཆུའི་ཐོན་ཁུངས། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། རྒྱུད་ཁོངས་བཅོས་སྐྱོང་གི་ཕན་འབྲས་བཟང་ཤོས་སུ་སླེབས་པར་བྱེད་དགོས། རི་ཆུ་ནགས་ཞིང་མཚེའུ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་ཁྱོན་ཆེན་པོའི་མངའ་ཁོངས་ལྗང་སྒྱུར་བྱ་སྤྱོད་སྤེལ་ཏེ། ས་ཆུ་ཤོར་བ་དང་བྱེ་སྟོངས་ཐང་རྒོད་དུ་འགྱུར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་མགྱོགས་སུ་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། སྲུང་སྐྱོང་ཆེན་པོ་མཉམ་དུ་སྒྲུབ་པ་དང་། གསར་སྤེལ་ཐལ་དྲགས་པོ་མི་གཏོང་བ་དང་། སྐྱེ་ཁམས་དང་པོ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འབྲི་ཆུ་དང་འབྲེལ་ཡོད་ཀྱི་དཔལ་འབྱོར་བྱེད་སྒོ་ཡོད་ཚད་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་མི་བཟོ་བ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས།

ལྔ། ཆེས་བཙན་དྲག་གི་ལམ་ལུགས་དང་ཆེས་དམ་ཚགས་ཡིན་པའི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་ངེས་པར་དུ་ལམ་ལུགས་ལ་བརྟེན་པ་དང་། ཁྲིམས་སྐྱོང་ལ་བརྟེན་དགོས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཁྲོད་ཀྱི་གནད་དོན་འབུར་ཐོན་མང་ཆེ་ཤོས་ནི་སྒྲིག་སྲོལ་འཐུས་ཚང་མིན་པ་དང་། ལམ་ལུགས་ནན་པོ་མིན་པ། ཁྲིམས་སྐྱོང་ཚགས་མི་དམ་པ། ལག་བསྟར་དོན་ཐོག་ཏུ་མ་འཁྱོལ་བ། ཁྲིམས་གཅོད་བྱེད་ཤུགས་མི་འདང་བ་བཅས་དང་འབྲེལ་བ་ཡོད། གང་མགྱོགས་ཀྱིས་ལམ་ལུགས་གསར་གཏོད་བྱེད་པ་དང་། ལམ་ལུགས་འདོན་སྤྲོད་མང་དུ་གཏོང་བ། ལམ་ལུགས་ཆ་འགྲིག་འཐུས་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་བརྟེན་ནས། ལམ་ལུགས་ཉིད་འགྱུར་མེད་ཀྱི་སྡོམ་འཆིང་དང་རག་མི་ཐུབ་པའི་མཐོ་གནོན་གློག་སྐུད་དུ་འགྱུར་བ་བྱེད་དགོས། ལམ་ལུགས་ལ་བརྟེན་ནས་དབང་ཆ་དོ་དམ་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་དང་ལྗང་སྒྱུར་ཇེ་ལེགས་སུ་གཏོང་དགོས། དབང་ཆ་ཞིག་ཡོད་པས་ན་དེ་ལ་ངེས་པར་དུ་འགན་འཁྲི་ཞིག་ཡོད་པ་དང་། འགན་འཁྲི་ཞིག་ཡོད་པས་ན་དེས་ངེས་པར་དུ་འོས་འགན་ཕྲག་ཏུ་ལེན་དགོས་ལ། འགན་འཁྲི་འཁྱོལ་བས་ན་དེ་ལ་ངེས་པར་དུ་འགན་འཁྲི་བདའ་འདེད་བྱེད་དགོས། དེ་ལྟར་ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་ཕན་འབྲས་ཐོན་པར་འགན་སྲུང་བྱེད་དགོས།

ཁྲིམས་ལག་བསྟར་མཁན་སྟོབས་དང་ལྡན་པ་ཞིག་ཡིན་ཚེ་རྒྱལ་ཁབ་དེ་ཉིད་སྟོབས་དང་ལྡན་ལ། དེ་ལས་ལྡོག་ན་རྒྱལ་ཁབ་དེ་ཉིད་ཉམས་མེད་ནུས་ཆུང་ཞིག་ལས་མ་འདས་སོ། །བཀའ་ལ་ཡིད་ཆེས་དགོས་པ་དང་། ཁྲིམས་ཉིད་ལག་བསྟར་བྱེད་དགོས། ལམ་ལུགས་ཀྱི་སྲོག་ཤུགས་ནི་ལག་བསྟར་དང་། འགག་རྩ་ནི་དངོས་སུ་འཛིན་པ་དང་། བརྟེན་ས་ནི་དོ་དམ་ནན་པོ་བྱ་རྒྱུ་དེ་རེད། ང་ཚོས་སྒྱུར་བཅོས་བྱེད་སྟངས་དང་འབྲེལ་ཡོད་ཀྱི་ལམ་ལུགས་རབ་དང་རིམ་པ་སྤེལ་ཡོད་པ་དང་། དེ་དག་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནང་བཞིན་དམ་འཛིན་གྱིས་ལག་བསྟར་བྱེད་དགོས། ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་དང་དབང་གྲགས་ངེས་པར་དུ་བརྟན་པོ་འཛུགས་དགོས་ཤིང་། གདམ་གསེས་མེད་པ་དང་། བབ་བསྟུན་སྒྱུར་བཅོས་མི་བྱེད་པ། ཇེ་ཡང་དུ་གཏོང་རྒྱུ་མེད་པ་ཞིག་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དང་། དེ་ལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་མི་བསམ་པར་གང་འདོད་ཀྱིས་ཐབས་ཇུས་ལག་བསྟར་བྱས་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་པ་ལ། འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། ཚེ་གང་པོར་འགན་འཁྲི་བདའ་འདེད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་སྙིང་རྗེ་སྒོམ་མི་རུང་བ་དང་། ཐེངས་རྗེས་མ་ཞེས་ཏེ་གུ་ཡངས་སུ་གཏན་ནས་གཏོང་མི་རུང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་མཁན་གྱི་ལྡོག་ཕྱོགས་ཀྱི་མཚོན་བྱེད་དམ་འཛིན་བྱེད་དགོས་པ་དང་། ཆད་གཅོད་ནན་པོ་བྱ་བའི་བརྡ་ཁྱབ་གཏོང་དགོས། གནས་གང་ཞིག་དང་། དུས་ནམ་ཞིག མི་སུ་ཞིག་ཡིན་ཀྱང་། འགན་འཁྲི་བདའ་འདེད་བྱེད་དགོས་ཚེ། མཐའ་གཅིག་ཏུ་འགན་འཁྲི་བདའ་འདེད་བྱེད་དགོས་པ་ལས། ལམ་ལུགས་ཉིད་“མཆེ་བ་མེད་པའི་སྟག་མོ་”རུ་འགྱུར་དུ་འཇུག་མི་རུང་།

དྲུག གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཐུན་མོང་གི་ཇུས་གཞི་འདོན་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་ནི་མིའི་རིགས་ཀྱི་འབྱུང་འགྱུར་ལ་འབྲེལ་བ་ཡོད་པ་དང་། ལྗང་མདོག་གི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་རེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་ཐོག་སྟོབས་བསྒྲིལ་འགག་སྒྲོལ་དང་། ཐུན་མོང་གིས་འབད་བརྩོན་ལྷོད་མེད་བྱེད་དགོས་ཤིང་། རྒྱལ་ཁབ་གང་ཞིག་གིས་ཀྱང་བཏང་སྙོམས་སུ་འཇོག་པ་དང་ཐབས་མཁས་རང་སྲུང་བྱ་ཐབས་མེད། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གསབ་ཞུགས་མཁན་གཙོ་བོ་དང་། སྐྱེས་འབུལ་མཁན་གཙོ་བོ། སྣེ་ཁྲིད་མཁན་གཙོ་བོ་བཅས་ཡིན་པ་དང་། གང་མགྱོགས་ཀྱིས་རང་བྱུང་ལ་བརྩི་འཇོག་དང་། ལྗང་མདོག་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་མ་ལག་བསྐྲུན་རྒྱུ་དང་། གཙང་མ་ཡིན་ཞིང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་རྒྱུའི་དགོངས་འཆར་བཏོན་ཡོད། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་གསབ་ཞུགས་བྱ་རྒྱུ་དང་། རང་རྒྱལ་གྱི་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་གི་མ་ལག་ཁྲོད་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཧུར་ཐག་སྒོས་རྒྱལ་སྤྱིའི་སྒྲིག་ལམ་འགྱུར་ལྡོག་གི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ཏེ། འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཐག་གཅོད་ཇུས་གཞི་ཞིག་ཆགས་པར་བྱེད་དགོས། ཁོར་ཡུག་མཛའ་མཐུན་རྒྱུན་འཁྱོངས་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ཁྲིད་སྟོན་བྱེད་དགོས། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་སྐུལ་སྤེལ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་ལག་ལེན་གྱིས་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

གསུམ་པ། སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ནང་། ངས་གཙོ་གནད་དམ་འཛིན་མངོན་གསལ་བྱ་རྒྱུ་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏང་རྒྱུ་ནན་གྱིས་བཤད་པ་དང་། ཁྱད་པར་དུ་ཉེན་ཁ་ཆེན་པོ་སྔོན་འགོག་དང་དེ་སེལ་བ་བྱ་རྒྱུ་དང་། གནད་འཕིགས་དབུལ་བྲལ་བྱ་རྒྱུ། སྦགས་བཙོག་འགོག་བཅོས་བྱ་རྒྱུ་བཅས་ཀྱི་འགག་སྒྲོལ་དམག་འཐབ་བློ་ཐག་གཙང་བཅད་ཀྱིས་ཡག་པོ་བརྒྱབ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་། ལོ་རྒྱུས་ཀྱི་བརྟག་དཔྱད་ཐེག་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད། ད་ལྟ། ང་ཚོས་དགེ་མཚན་ཆེ་བའི་དམག་ཤུགས་གཅིག་ཏུ་བསྡུ་བ་དང་། དེ་བས་ནུས་ལྡན་གྱི་སྲིད་ཇུས་བྱ་ཐབས་སྤྱད་དེ། འགག་སྒྲོལ་དམག་འཐབ་འདི་ཡག་པོ་རྒྱག་དགོས།

གཅིག གང་མགྱོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་མ་ལག་བསྐྲུན་དགོས། ལོ་རྒྱུས་འབྲེལ་མཚམས་དུས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གང་མགྱོགས་ཀྱིས་ཐག་གཅོད་དགོས་པ་དང་། ངེས་པར་དུ་སྐྱེ་ཁམས་ཀྱི་རིན་ཐང་ལྟ་བ་ཚད་གཞི་བྱེད་པའི་སྐྱེ་ཁམས་རིག་གནས་ཀྱི་མ་ལག་འཐུས་ཚང་བ་ཞིག་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གཙོ་བོར་བྱེད་པའི་སྐྱེ་ཁམས་དཔལ་འབྱོར་གྱི་མ་ལག སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱ་རྒྱུ་ལྟེ་བ་བྱེད་པའི་དམིགས་ཚད་འགན་འཁྲིའི་མ་ལག བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་འགན་སྲུང་བྱ་བའི་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོ་བྱེད་པ་དང་ཁོར་ཡུག་ཉེན་འགོག་ཚོད་འཛིན་ནུས་ལྡན་བྱེད་པའི་སྐྱེ་ཁམས་བདེ་འཇགས་མ་ལག་བཅས་གང་མགྱོགས་སུ་བསྐྲུན་དགོས།

སྐྱེ་ཁམས་དཔལ་ཡོན་གྱི་མ་ལག་གང་མགྱོགས་བསྐྲུན་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་མངོན་གསལ་མཐོར་འདེགས་སུ་གཏོང་བར་བྱས་ཏེ། 2035ལོར་སླེབས་སྐབས་ཐོན་ཁུངས་ལ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བར་སྟོང་བཀོད་སྟངས་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་ཀྱི་སྤྱིའི་རྣམ་པ་ཆགས་པར་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྩ་བའི་ཆ་ནས་ལེགས་འགྱུར་བྱུང་བ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་ཚེ། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་ཐུབ་དགོས་པ་དང་། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཀྱི་དཔལ་ཡོན་བཅས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་སྒོ་ཀུན་ནས་ཆགས་པར་བྱ་རྒྱུ། མི་དང་རང་བྱུང་འཆམ་མཐུན་མཉམ་འཚོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འགྲུབ་པ་བྱེད་དགོས།

གཉིས། ཕྱོགས་ཡོངས་ནས་ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་ནི་ཚེ་སྲོག་གི་མཚོན་རྟགས་དང་། རང་བྱུང་ཁམས་ཀྱི་རྩ་བའི་ཁ་དོག་ཡིན་ལ། དེ་བས་ཀྱང་བདེ་སྐྱིད་འཚོ་བའི་རྨང་གཞི་དང་། མི་དམངས་མང་ཚོགས་ཀྱི་རེ་བ་ཡིན། ལྗང་མདོག་གི་འཕེལ་རྒྱས་གཏོང་བ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ། མཉམ་སྤྱོད་ཀྱིས་འཕེལ་རྒྱས་གཏོང་བ་བཅས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་བར་ནུས་པ་ཐོན་རེས་བྱེད་བཞིན་ཡོད་ཅིང་། དེ་ནི་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། དེའི་དམིགས་ཡུལ་ནི་“ཐོན་སྐྱེད་འབོར་ཆེན་བྱེད་པ་དང་། འཛད་གྲོན་འབོར་ཆེན་གཏོང་བ། བཙོག་འབུད་འབོར་ཆེན་གཏོང་བ་”བཅས་ཀྱི་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་དང་འཛད་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བའི་ཆེད་དུ་ཡིན་ཞིང་། དེས་ཐོན་ཁུངས་དང་། ཐོན་སྐྱེད། འཛད་སྤྱོད་སོགས་གྲུབ་ཆ་ཕན་ཚུན་མཐུན་པ་དང་བསྟུན་པ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་མཐུན་སྦྱོར་གཅིག་གྱུར་ཡོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱེད་དགོས།

གང་མགྱོགས་ཀྱིས་ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་ཆགས་པར་བྱ་རྒྱུ་ནི། སྦགས་བཙོག་གི་གནད་དོན་ཐག་གཅོད་པའི་རྩ་བའི་ཐབས་ཇུས་ཡིན། མགོ་ཁུངས་ནས་སྦགས་བཙོག་འབུད་གཏོང་ཇེ་ཉུང་དུ་བཏང་ན། ད་གཟོད་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་འགྲོ་ངེས། དེ་ཡང་གཙོ་གནད་ནི་གྲུབ་ཚུལ་ལེགས་སྒྲིག་དང་། བཀོད་པ་ལེགས་འགྱུར། ཐོན་ལས་སྟོབས་ལྡན། ཕྱོགས་ཡོངས་སྦྲེལ་མཐུད་ཡོད་པ་བཅས་རེད། དཔལ་འབྱོར་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། སྦགས་བཙོག་ཕྱིར་འབུད་བྱེད་ཚད་དམའ་རུ་གཏོང་དགོས། གལ་ཆེའི་དཔལ་འབྱོར་སྲིད་ཇུས་དང་ཐོན་ལས་བཀོད་སྒྲིག་ལ་འཆར་འགོད་ཀྱི་དཔྱད་འཇོག་སྤེལ་དགོས་ཤིང་། རྒྱལ་ཁོངས་ཀྱི་བར་སྟོང་གསར་འབྱེད་ཀྱི་གནས་སྟངས་ལེགས་སུ་གཏོང་བ། ས་ཁོངས་འབབ་རྒྱུད་ཀྱི་ཐོན་ལས་བཀོད་པ་ལེགས་སྒྲིག་བྱེད་དགོས། སྟོབས་ལྡན་དང་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐོན་ལས་དང་། རྒྱུ་གཙང་མའི་ཐོན་སྐྱེད་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས་བཅས་གསོ་སྐྱོང་བྱེད་པ་དང་། ཕན་ནུས་ཆེ་བའི་ཞིང་ལས་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས། དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་སུ་གཏོང་དགོས། ཐོན་ཁུངས་སྒོ་ཀུན་ནས་གྲོན་ཆུང་དང་རེས་འཁོར་བེད་སྤྱོད་བྱེད་པ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་རྒྱུན་འཁོར་སྦྲེལ་མཐུད་ཡོང་བ་བཅས་མངོན་འགྱུར་བྱེད་དགོས།

ལྗང་མདོག་གི་འཕེལ་རྒྱས་གཏོང་བར་མི་སེར་གྱི་འགྲོ་འདུག་སྤྱོད་གསུམ་དང་འབྲེལ་བ་ཡོད། སྟབས་བདེ་འོས་འཚམ་ཡིན་པ་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་པ་དང་། རྒྱས་སྤྲོས་ཆུད་ཟོས་གཏོང་བ་དང་ལུགས་མཐུན་མིན་པའི་འཛད་སྤྱོད་ལ་ངོ་རྒོལ་བྱེད་དགོས། གྲོན་ཆུང་ཅན་གྱི་ལས་ཁུངས་དང་། ལྗང་མདོག་གི་ཁྱིམ་ཚང་། ལྗང་མདོག་གི་སློབ་གྲྭ ལྗང་མདོག་གི་སྡེ་ཁུལ་བཅས་བསྐྲུན་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ལྗང་མདོག་གི་ཕྱིར་སྐྱོད་རྒྱ་བསྐྱེད་པ་བཅས། འཚོ་བ་སྐྱེལ་སྟངས་ཀྱི་ལྗང་མདོག་གསར་བརྗེ་ལ་བརྟེན་ནས། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་ལ་བཙན་བསྒྱུར་བྱེད་དགོས།

གསུམ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོའི་ཁྱབ་ཁོངས་སྔོན་ལ་འཇོག་དགོས། མི་སེར་ལ་ཕན་པའི་བྱ་བ་ཇི་ཙམ་ཆུང་ཡང་སྒྲུབ་དགོས་པ་དང་། མི་སེར་ལ་གནོད་པའི་བྱ་བ་ཇི་ཙམ་ཆུང་ཡང་སེལ་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ན། མཚོན་བྱེད་རང་བཞིན་གྱི་གཡུལ་འགྱེད་དམག་འཐབ་གལ་ཆེན་ཁ་ཤས་རྒྱག་དགོས་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མི་སེར་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་ཐག་གཅོད་དགོས། མིག་སྔར། སྦགས་བཙོག་ཚབས་ཆེ་བའི་གནམ་གཤིས་དང་། བཙོག་ཆུ་དྲི་ཅན། གད་སྙིགས་ཀྱིས་གྲོང་མཐའ་སྐོར་བ། གྲོང་གསེབ་ཀྱི་ཁོར་ཡུག་བཅས་ནི་མི་དམངས་ཀྱི་སེམས་ཁྲལ་བྱེད་ས་དང་དམངས་འཚོའི་རྐྱེན་ངན་དུ་གྱུར་ནས། མི་དམངས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པ་དང་། མི་སེར་ལ་བསམ་འཆར་ཆེ་བ། ཡུས་བཤད་མང་བ། ཐ་ན་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ཡོད་པས། ངེས་པར་དུ་ཤུགས་ཆེན་བཏོན་ནས་གནད་དོན་དེ་དག་ཐག་གཅོད་བྱེད་དགོས། དམག་ཤུགས་སྤུས་ལེགས་གཅིག་ཏུ་བསྡུ་བ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱེད་པ། ཇུས་ཤུགས་མཉམ་འདོན་དང་། དམངས་འགོག་དམངས་བཅོས་བྱེད་པ། གཡུལ་འགྱེད་གཅིག་ཚར་རྗེས་གཡུལ་འགྱེད་གཅིག་རྒྱག་པ་བཅས། སྦགས་བཙོག་འགོག་བཅོས་བྱེད་པའི་མི་དམངས་ཀྱི་དམག་འཐབ་ཅིག་རྒྱག་དགོས།

དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལོན་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན། དེ་ནི་རྒྱལ་ནང་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་རེ་བ་ཡིན་པ་མ་ཟད། ང་ཚོས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་བསྒྲུབ་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཏོན་པའི་ཁས་ལེན་ཡིན། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་དང་དེ་དག་གི་མཐའ་ཁུལ། འབྲི་ཆུའི་འགག་གསུམ། ཧྥེན་ཝེ་ཐང་ཆེན་སོགས་ནི་འཐབ་ར་གཙོ་བོ་འཛིན་རྒྱུ་དང་། པེ་ཅིན་གཙོ་གནད་དུ་བཟུང་སྟེ། མཁའ་དབུགས་ཀྱི་སྤུས་ཚད་ལེགས་བཅོས་མངོན་གསལ་བྱེད་རྒྱུ་འགྱུར་མེད་ཀྱི་བླང་བྱ་རུ་འཛིན་རྒྱུ་དང་། མཉམ་འགོག་མཉམ་བཅོས་བྱེད་པ་ཤུགས་སྣོན་རྒྱག་པ། སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་གཞི་རྩའི་ཆ་ནས་མེད་པར་བཟོས་ཏེ། མི་སེར་ལ་ཉིན་དཀར་དགུང་སྔོན་པོར་སྤྲིན་དཀར་རྒྱུ་ཞིང་། མཚན་མོར་སྐར་ཚོགས་ཁྲ་ལམ་མེར་བཀྲ་བའི་རྣམ་པ་ཞིག་བསྐྲུན་དགོས། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་གཏོང་བ་དང་། ལྷག་འཕྲོ་དང་རྗེས་ལུས་ཀྱི་ཐོན་ནུས་ཉུང་དུ་གཏོང་བ། འཕར་བའི་སྒུལ་ཤུགས་གསར་པ་ཁ་སྣོན་བྱེད་དགོས། ཚད་དང་རན་པའི་འབུད་གཏོང་བྱེད་པར་སྐུལ་འདེད་དང་། ལས་རིགས་གཙོ་བོའི་སྦགས་བཙོག་འབུད་གཏོང་ཇེ་ཉུང་དུ་གཏོང་བ། མེ་གློག་དང་། ངར་ལྕགས་སོགས་གཙོ་གནད་ལས་རིགས་ཀྱི་འབུད་སྐྱུར་བྱེད་ཚད་ཤིན་ཏུ་ཉུང་བར་སྒྱུར་བཀོད་གཏོང་དགོས། རྒྱལ་ཡོངས་ནས་“ཟིང་བཙོག་ཞན་པའི་”ཁེ་ལས་བཅོས་སྐྱོང་བྱ་བ་སྤེལ་རྒྱུ་དང་། བློ་ཐག་རྦད་ཆོད་ཀྱིས་ཁག་ཅིག་གི་སྒོ་རྒྱག་པ་དང་། ཁག་ཅིག་ལ་དག་ཐེར་མཐོར་གདེགས་གཏོང་བ། ཁག་ཅིག་གནས་སྤོ་བ་བཅས་བྱེད་དགོས། ནུས་ཁུངས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས། རྡོ་སོལ་འཛད་སྤྱོད་ཀྱི་བསྡུར་ཚད་ཉུང་དུ་གཏོང་བ་དང་། ནུས་རྒྱུ་གཙང་མ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཡུལ་བབ་དང་བསྟུན་རྒྱུ་དང་ཐབས་མང་མཉམ་དུ་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། གློག་འཚམ་སར་གློག་སྤྱོད་པ་དང་། དབུགས་འཚམ་སར་དབུགས་སྤྱོད་པ། བྱང་ཕྱོགས་ས་ཁུལ་དུ་དགུན་དུས་དྭངས་གཙང་ནུས་རྒྱུའི་དྲོད་ལེན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་སྤེལ་གཏོང་དགོས། རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་དང་མཁོ་འདོན་དང་མཛོད་ཉར་བཅས་ཀྱི་མ་ལག་གང་མགྱོགས་བསྐྲུན་དགོས་པ་དང་། རང་བྱུང་སོལ་རླངས་ཀྱི་འབྱུང་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་བཅས། དོ་དམ་དྲ་བའི་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་དང་། སོལ་རླངས་མཁོ་འདོན་ལ་འགན་སྲུང་བྱེད་དགོས། ཁ་གསབ་སྲིད་ཇུས་དང་རིན་གོང་ཐད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པ་དང་། “རྡོ་སོལ་རླངས་བསྒྱུར་”དང་། “རྡོ་སོལ་གློག་བསྒྱུར་”བྱས་རྗེས་མི་སེར་གྱིས་སྤྱོད་པ་དང་སྤྱོད་ཐུབ་པར་འགན་སྲུང་བྱེད་དགོས། རྡོ་སོལ་སྲེག་པའི་ཁྲོ་ཐབ་འདོར་ཤུགས་ཆེ་རུ་གཏོང་བ་དང་། སྦགས་བཙོག་ཚབས་ཆེ་བའི་རྡོ་སོལ་གློག་ཁང་ཁག་ཅིག་གནས་སྐབས་སུ་མཚམས་བཞག་ནས། རིམ་སྤོར་སྒྱུར་བཀོད་མགྱོགས་མྱུར་གཏོང་དགོས། སྐྱེལ་འདྲེན་གྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། གཞུང་ལམ་སྐྱེལ་འདྲེན་བྱེད་ཚད་ཉུང་དུ་གཏོང་བ་དང་། ལྕགས་ལམ་གྱི་སྐྱེལ་འདྲེན་བྱེད་ཚད་ཇེ་མང་དུ་གཏོང་དགོས། ཁྲའེ་སྣུམ་སྤྱོད་པའི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་གཙང་བཅོས་མགྱོགས་པོ་བྱ་རྒྱུ་དང་། དངོས་ཟོག་སྐྱེལ་འདྲེན་གྱི་གཉེར་སྐྱོང་སྡེབ་སྒྲིག་དང་རིམ་སྤོར། སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གཏོང་བ་དང་། མུ་འབྲེལ་ཅན་གྱི་གཉེར་སྐྱོང་བྱ་བ་མགྱོགས་སུ་གཏོང་དགོས།

ཆུའི་སྦགས་བཙོག་འགོག་སེལ་ལས་སྒོའི་འཆར་གཞི་ལག་བསྟར་གཏིང་ཟབ་གཏོང་དགོས་ཏེ། ཆུའི་མགོ་ཁུངས་ལ་སྲུང་སྐྱོང་བྱ་རྒྱུ་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་བཅོས་སྐྱོང་བྱ་རྒྱུ། པོ་ཧའེ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ། འབྲི་ཆུ་སྲུང་སྐྱོང་ཉམས་གསོ་བྱ་བ་བཅས་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་། འཐུང་ཆུ་ཉེན་མེད་ཡོང་བ་འགན་སྲུང་བྱ་རྒྱུ་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཞི་རྩའི་ཆ་ནས་མེད་པར་བཟོས་ནས། མི་དམངས་ལ་ཆུ་མོ་དྭངས་ཤིང་འཇམ་པའི་རྣམ་པ་ཞིག་བསྐྲུན་དགོས། ཆུ་བཅོས་སྐྱོང་བྱ་བར་གནད་དོན་མི་ཉུང་བ་ཞིག་ཐག་གཅོད་དགོས་པ་དང་། དེའི་ཁྲོད་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡོད་པ་ནི། གང་མགྱོགས་ཀྱིས་གྲོང་བརྡལ་གྱི་བཙོག་ཆུ་བསྡུ་རུབ་དང་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱ་རྒྱུ་དེ་རེད། འདིའི་ཕྱོགས་ལ་མི་འདང་ས་ཧ་ཅང་མང་པོ་ཞིག་གནས་འདུག ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་མཁོ་འདོན་བྱས་པའི་གནས་ཚུལ་ལ་གཞིགས་ན། ཐ་ན་ཐད་སྐྱོང་གྲོང་ཁྱེར་དང་། མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ཞིང་ཆེན། དཔལ་འབྱོར་དམིགས་བསལ་ཁུལ་ལ་ལ་ཞིག་གིས་ཀྱང་བཙོག་ཆུ་འབོར་ཆེན་ཐད་ཀར་འབུད་གཏོང་བྱེད་བཞིན་འདུག དེ་བས་འགྱུར་མེད་ཀྱི་དམིགས་ཚད་ཅིག་གཏན་འཁེལ་བྱས་ཏེ། ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས། གང་མགྱོགས་སྒོས་བཙོག་ཆུ་འབུད་གཏོང་གི་ཆུ་སྦུབས་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ་དང་། ཕྱོགས་ཡོངས་བསྡུ་ཐུབ་པ། ཕྱོགས་ཡོངས་ཐག་གཅོད་ཐུབ་པ་བཅས་མངོན་འགྱུར་བྱེད་དགོས། དེ་ལས་ལྡོག་ན། ཕྱོགས་གཅིག་ནས་བཅོས་སྐྱོང་བྱས་ཀྱང་། ཕྱོགས་གཅིག་ནས་འབུད་གཏོང་བྱས་ན། ཕན་འབྲས་ཡག་པོ་ཞིག་ཐོན་གི་མ་རེད།

ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བྱེད་སྒོ་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། ས་རྒྱུ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ས་ཁོངས་དང་། ལས་རིགས། བཙོག་དངོས་བཅས་དམིགས་སུ་བཟུང་ནས། ས་རྒྱུའི་སྦགས་བཙོག་དོ་དམ་དང་ཚོད་འཛིན་དང་ཉམས་གསོ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་ལ་ཕན་ནུས་ལྡན་པར་སྔོན་འགོག་བཅས་བྱས་ནས། མི་དམངས་ལ་སེམས་བདེ་མོའི་ཟས་རིགས་དང་། བློ་བག་ཕེབས་པའི་སྡོད་གནས་ཡོད་པ་བྱེད་དགོས། ཕྱོགས་ཡོངས་ནས་ཕྱི་རྒྱལ་གྱི་གད་སྙིགས་ནང་དུ་མི་འཛུལ་བ་གཏན་འཁེལ་བྱ་དགོས་པ་དང་། སྲ་གཟུགས་དངོས་རོ་རིགས་དང་དེ་དག་གི་གྲངས་འབོར་ཇེ་ཉུང་དུ་གཏོང་དགོས་པ། ཉེན་ཆེའི་ཟོག་རོ་དང་ཁོར་ཡུག་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་དྲག་བཏང་སྟེ། ཉེན་ཆེའི་ཟོག་རོ་ཁྲིམས་འགལ་གྱིས་བསྒྱུར་སྤོ་དང་གཤོ་བ། བེད་སྤྱོད་པ་བཅས་ལ་མཐའ་གཅིག་ཏུ་བཀག་འགོག་ཐུབ་དགོས།

གྲོང་གསེབ་ཀྱི་ཁོར་ཡུག་གིས་རྒྱགས་ཕྱེ་དང་སྔོ་ཚོད། ཆུ་རྫ། གྲོང་ཁྱེར་དང་གྲོང་རྡལ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཞིང་ལས་གཏོང་འཇོག་གི་གྲུབ་ཚུལ་ལེགས་སྒྲིག་དང་། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་གཏོང་བ། སྐྱེ་ལྡན་ལུད་བེད་སྤྱོད་གཏོང་བའི་བསྡུར་གྲངས་ཇེ་མང་དུ་གཏོང་བ། བེད་མེད་འགྱིག་ཤོར་ཚུར་བསྡུ་བ་དང་ཐག་བཅད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་། རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་ཕྱོགས་ཡོངས་ལ་ཁྱབ་པ་བྱེད་རྒྱུ། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ། གསང་སྤྱོད་བཅས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཏེ། མི་སེར་ལ་བྱ་བྱེའུ་ཡི་སྐད་སྙན་སྒྲོག་ཅིང་། རྩྭ་རྩི་ཤིང་གི་འདབ་མ་རྒྱས་པའི་ཞིང་སྡེའི་ཡུལ་ལྗོངས་ཤིག་བསྐྲུན་དགོས།

སྐྱེ་ཁམས་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས་བྱ་བ་གཉིས་ཕན་ཚུན་ཁ་འབྲལ་ཐབས་མེད་པ་དང་། ཕན་ཚུན་ལ་ནུས་པ་ཐོན་རེས་བྱེད་པ་རེད། སྦགས་བཙོག་འགོག་བཅོས་བྱ་བ་ནི་བུ་ཆ་དང་། སྐྱེ་ཁམས་སྲུང་སྐྱོང་བྱ་བ་ནི་མ་ཆ་དང་འདྲ་སྟེ། བུ་ཆ་ལ་སྦགས་བཙོག་དངོས་རིགས་འབུད་གཏོང་བྱེད་ཚད་དམའ་རུ་བཏང་ནས་འཐེན་རྩིས་ཡག་པོ་རྒྱག་དགོས་པ་དང་། མ་ཆ་ལ་ཁོར་ཡུག་གི་ཤོང་ཚད་རྒྱ་སྐྱེད་པའི་སྣོན་རྩིས་ཡག་པོ་བརྒྱབ་ནས། དེ་གཉིས་མཉམ་དུ་ཤུགས་འདོན་དགོས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱས་ནས། རི་ཆུ་ནགས་ཞིང་མཚེའུ་བཅས་ཆ་ལག་ཚང་བ་དང་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་མངོན་འགྱུར་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་ལ་ལྗང་སྒྱུར་གཏོང་སའི་བར་སྟོང་བསྐྱུར་ནས། མི་སེར་ལ་བག་ཡངས་ཀྱི་འཚོ་བ་རོལ་དུ་འཇུག་དགོས།

བཞི། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། “ཆུ་མ་ཡོང་གོང་གི་རགས་”ཞེས་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་རིགས་སོ་སོའི་ཉེན་ཁ་གཅིག་བསྡུ་དང་མཆེད་པ་སྔོན་འགོག་བྱ་ཆེད། རྣམ་པ་གང་རུང་གི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དེ་ཉིད་རྒྱུན་རྣམ་ཅན་གྱི་དོ་དམ་ཁྲོད་འཇོག་དགོས་པ་དང་། བརྒྱུད་རིམ་ཧྲིལ་པོ་ཅན་དང་རིམ་པ་མང་པོ་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་གི་མ་ལག་ཆ་ཚང་བར་སྒྲིག་བཟོ་བྱེད་དགོས་ཤིང་། གད་སྙིགས་མེ་བསྲེགས་གཏོང་བ་དང་། ཨར་ཅ་པིན་སོགས་གཙོད་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་སྲུང་ནན་པོ་བྱེད་དགོས་ལ། ཁྱིམ་མཚེས་གནད་དོན་སྔོན་འགོག་དང་སེལ་ཐབས་བྱེད་པ་སྐུལ་འདེད་དང་། ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་རྣམ་གྲངས་ཀྱི་ཁྱིམ་མཚེས་གནད་དོན་གཡོལ་སེལ་བྱས་ཏེ། གློ་བུར་དུ་ཐོན་པའི་ཁོར་ཡུག་གི་དོན་རྐྱེན་འཕྲལ་ཐག་གཅོད་ནུས་ཤུགས་ལྡན་ཇེ་མཐོར་གཏོང་དགོས། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཏེ། ལྟ་སྐུལ་དོ་དམ་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་གནད་དོན་གཅིག་ཀྱང་མི་ཡོང་བ་འགན་སྲུང་བྱེད་དགོས།

ལྔ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་བ་སྐུལ་འདེད་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏོང་བ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་གཏོང་བའི་ཁྲོད་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཁྲོད་ཀྱི་གནད་དོན་འབུར་ཐོན་ཐག་གཅོད་རྒྱུ་ཕྱོགས་སྟོན་དུ་བཟུང་ནས། བཏོན་ཟིན་པའི་སྒྱུར་བཅོས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དང་། དུས་ཐོག་ཏུ་སྒྱུར་བཅོས་ཀྱི་ཇུས་གཞི་གསར་པ་བཟོ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་དང་འབྲེལ་བ་ཡོད་པའི་བྱེད་ཐབས་གལ་ཆེན་ལ་ལ་མགྱོགས་མྱུར་དུ་གནད་ལ་འབྱོར་ཐུབ་པ་དང་ནུས་པ་འདོན་ཐུབ་པ་བྱེད་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་པའི་ཟིལ་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་གསབ་ཞུགས་བྱེད་པ། ཚོང་ར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཡོད་པ། རྒྱུན་མཐུད་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བཅས་མངོན་འགྱུར་བྱ་བའི་ཐབས་ལམ་ཞིག་འཚོལ་ཞིབ་བྱ་རྒྱུ་དང་། ཚོད་ལྟ་མང་དུ་བྱས་ནས་ཉམས་མྱོང་བསྡུ་གསོག་བྱེད་དགོས། ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་གདེང་འཇོག་དང་། ཆ་འཕྲིན་བཙན་ཤེད་ཀྱིས་ཕྱིར་སྒྲོག་པ། ཆད་པ་ནན་པོ་གཅོད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

ཐེངས་འདིའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་གཏོང་བའི་ཁྲོད། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་པུའུ་འཛུགས་རྒྱུའི་ཐག་གཅོད་གནང་། དེའི་ཁྲོད་དུ་བསམ་གཞིགས་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་སྦགས་བཙོག་འགོག་བཅོས་བྱེད་པར་ཁག་མང་པོས་སྣ་གཅིག་བཅོས་སྐྱོང་བྱེད་པའི་རྣམ་པ་སྒྱུར་བཅོས་གཏོང་དགོས་པ་དང་། འགན་ནུས་བསྡུ་སྒྲིལ་བཏང་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། གཉིས་ནས་ཁོར་ཡུག་སྲུང་སྐྱོང་སླར་གསོའི་ཐད་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། ས་འོག་དང་ས་ཁ། ཆུ་ངོགས་དང་ཆུ་ནང་། སྐམ་ས་དང་རྒྱ་མཚོ། གྲོང་ཁྱེར་དང་གྲོང་གསེབ། དབྱང་གཅིག་ཐཱན་འགྱུར་དང་དབྱང་གཉིས་ཐཱན་འགྱུར་བཅས་ཤར་གཏོང་བྱེད་པ་དང་། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་འབྲེལ་མཐུད་བྱེད་པ་བཅས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་འགན་འཁྲི་ལེགས་སྒྲུབ་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཚད་གཞི་གཏན་འབེབས་བྱེད་པ། གཅིག་གྱུར་གྱི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་གཏོང་བ། གཅིག་གྱུར་གྱི་ཁྲིམས་འཛིན་དང་ལྟ་སྐུལ་བྱེད་པ། གཅིག་གྱུར་གྱི་ལྟ་ཞིབ་དང་འགན་འཁྲི་བདའ་འདེད་བྱེད་པ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་ཁག་སྡེབ་སྒྲིག་བྱེད་པ་དང་། རིམ་པ་ཇེ་ཉུང་དང་། དཔུང་ཁག་སྡེབ་སྒྲིག ལས་ཆོད་ཆེར་གཏོང་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། འགན་ནུས་བཀོད་སྒྲིག་ལེགས་བཅོས་དང་། གཅིག་གྱུར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ལག་བསྟར་བྱེད་དགོས། ས་ཁོངས་འབབ་རྒྱུད་མཚོ་ཁོངས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། ས་ཁུལ་བརྒལ་བའི་ཁོར་ཡུག་སྲུང་སྐྱོང་གི་ཚོད་ལྟ་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་ས་གནས་སྲིད་གཞུང་གི་རླུང་ཁམས་ཆེན་པོའི་ཁོར་ཡུག་དོ་དམ་གྱི་འགན་ནུས་བསྡུ་སྒྲིལ་བྱེད་དགོས། རྒྱུག་ཁུལ་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་སྒྲིག་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། རྒྱུག་ཁུལ་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་སྒྱུར་སྒྲིལ་ཤུགས་ཆེ་རུ་གཏོང་དགོས། མཚོ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཚོ་ཁོངས་ཀྱི་གནས་བབ་ལ་གཞིགས་ནས་ལྟ་སྐུལ་དོ་དམ་ལས་ཁུངས་བཀོད་སྒྲིག་བྱེད་དགོས།

དྲུག ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཁོར་ཡུག་བཅོས་སྐྱོང་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས། སྲིད་འཛིན་དང་། ཚོང་ར། ཁྲིམས་སྐྱོང་། ཚན་རྩལ་སོགས་ཕྱོགས་བསྡུས་ཀྱི་བྱ་ཐབས་སྣ་མང་སྤྱོད་དགོས། ཚོང་ར་ཅན་གྱི་བྱ་ཐབས་བེད་སྤྱོད་གང་ལེགས་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཉིད་ཁྲོམ་ར་ཅན་དུ་འགྱུར་བའི་གོམ་སྟབས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་མ་རྩ་སྔར་བས་མང་པོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་སུ་སྤྱོད་པ་བཅས་བྱེད་དགོས། ཐོན་ཁུངས་ཁོར་ཡུག་གི་རིན་ཐང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་མ་གནས་དེ་དཔལ་འབྱོར་འཁོར་སྐྱོད་ཀྱི་མ་གནས་སུ་བསྡུ་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་རྣམ་གྲངས་སྤེལ་བར་བྱ་ཐབས་སྣ་མང་སྤྱད་དེ་རྒྱབ་སྐྱོར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་སྤྱོད་དགོས་པའི་མ་དངུལ་ངེས་པར་དུ་སྤྱོད་དགོས་པ་དང་། གཏོང་དགོས་པའི་དངུལ་ལ་གྲོན་ཆུང་བྱ་མི་རུང་། མ་དངུལ་འཇོག་གྲངས་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་འགན་དེ་ཉིད་ཕན་ཚུན་ཆ་མཐུན་དུ་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས། རླུང་ཁམས་ཆེན་པོའི་སྦགས་བཙོག་ཚབས་ཆེན་དུ་གྱུར་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་དང་བཅོས་སྐྱོང་བྱ་བ་དང་། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གལ་ཆེའི་རྣམ་གྲངས་སོགས་ཚན་རིག་ལག་རྩལ་གྱི་འགག་གནད་སྒྲོལ་བར་ཤུགས་སྣོན་རྒྱག་དགོས་ཤིང་། དྲི་ངན་དབྱང་རླུང་དང་། ཡལ་བའི་རང་བཞིན་གྱི་སྐྱེ་ལྡན་རྫས་ཀྱི་སྦགས་བཙོག་དང་སྦགས་བཙོག་གསར་པ་བཅས་ཀྱི་བཅོས་སྐྱོང་ལ་ཆེད་དོན་ཞིབ་འཇུག་དང་སྔོན་དཔག་ཞིབ་འཇུག་བྱ་དགོས་ཤིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གལ་ཆེན་ལ་ཐབས་ཇུས་རང་བཞིན་གྱི་སྒོ་གནས་ཞིབ་འཇུག་བྱེད་པ་དང་། འབྲས་བུ་སྤོ་སྒྱུར་དང་བེད་སྤྱོད་མགྱོགས་སུ་བཏང་ནས། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་དང་། ཁོར་ཡུག་དོ་དམ་བྱེད་པ། གནད་སྨིན་པའི་སྦགས་བཙོག་བཅོས་སྐྱོང་བྱེད་པ། དམངས་ཕན་ཞབས་ཞུ་བྱེད་པ་བཅས་ལ་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱ་དགོས་པ་དང་། དྲང་གཞག་ལུགས་མཐུན་དང་། མཉམ་ལས་མཉམ་རྒྱལ་བྱེད་པའི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་དང་སྣེ་ཁྲིད་བྱེད་པ་བཅས། རང་རྒྱལ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་སྣང་བརྙན་བསྐྲུན་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

བཞི་པ། ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་དུས་ཚོད་བྲེལ་འཚུབ་ཆེ་བ་དང་། འགན་འཁྲི་ལྕི་བ། དཀའ་ངལ་ཆེ་བ་ཞིག་རེད་ལ། དེ་ནི་དམག་འཁྲུག་ཆེན་པོ་ཞིག་དང་། དམག་འཐབ་དྲག་པོ་ཞིག དམག་འཐབ་ཚེགས་ཆེ་བ་ཞིག་ཡིན་པས། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་སྐོར་གྱི་དགོངས་འཆར་》ཁྱབ་སྤེལ་བྱས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་“འདུ་ཤེས་བཞི་”ཤུགས་ཆེར་བཏང་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས།

ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ནི་སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁུར་བ་ཨང་དང་པོ་ཡིན་པ་དང་། སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཀྱི་སྤྱི་འགན་འཁུར་དགོས་ལ། ལས་དོན་གལ་ཆེན་པོའི་རིགས་ལ་རང་གིས་དངོས་སུ་བཀོད་སྒྲིག་བྱེད་པ་དང་། གནད་དོན་གལ་ཆེན་ལ་རང་ཉིད་དངོས་ཀྱིས་འདྲི་རྟོག་བྱེད་པ། ལྷུ་ཚིགས་གལ་ཆེན་ལ་རང་གིས་དངོས་སུ་མཐུན་སྦྱོར་བྱེད་པ། གྱོད་དོན་གལ་ཆེན་ལ་རང་གིས་དངོས་སུ་ལྟ་སྐུལ་གྱིས་སྒྲུབ་པ་བཅས། རིམ་པ་ཁག་གི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ནས། ལས་དོན་སོ་སོ་དམ་འཛིན་དང་དོན་འཁྱོལ་ཐུབ་པ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཡག་པོ་སྒྲུབ་རྒྱུ་དང་། གང་གི་མངའ་ཁོངས་སུ་གཏོགས་ན་དེ་ཉིད་ཀྱིས་འགན་འཁྲི་ཕྲག་ཏུ་བླངས་ནས། འཕེལ་རྒྱས་ལ་དོ་དམ་བྱེད་པ་དང་། ཐོན་སྐྱེད་ལ་དོ་དམ་བྱེད་པ། ལས་རིགས་ལ་དོ་དམ་བྱེད་པའི་སྡེ་ཚན་གྱིས་ངེས་པར་དུ་“ལས་གནས་གཅིག་ལ་འགན་འཁྲི་གཉིས་”ཀྱི་བླང་བྱ་ལྟར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཚོད་དམ་འཛིན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གསལ་ཐོ་ཞིག་བཏོན་ཏེ། སྡེ་ཚན་ཁག་ལ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ། ལས་བགོས་མཉམ་སྒྲུབ་བྱེད་པ་དང་། ཐུན་མོང་གིས་སྟོབས་ཤུགས་འདོན་པ་བཅས་བྱེད་དུ་འཇུག་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་གཙོ་གནད་ལས་ཀའི་ཁྱབ་ཁོངས་སུ་བཅུག་ནས། བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ཞིབ་བཤེར་དང་། དུས་བཀག་ལྟར་རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱེད་དགོས།

ཚན་རིག་དང་མཐུན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་བཙུགས་ནས། དཔྱད་ཞིབ་འབྲས་བུ་དེ་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བྱ་དགའ་ཆད་གཅོད་དང་གནས་སྤར་སོགས་ཀྱི་གཞི་འཛིན་གལ་ཆེན་ཏུ་བརྩི་དགོས་པ་དང་། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ནན་ཤོས་ལག་བསྟར་བྱེད་དགོས། “བྱ་དགའ་ཆད་གཅོད་ཀྱི་ཆེས་རྩ་བའི་དམིགས་ས་ནི། བཟང་པོ་ལ་སྐུལ་ལྕག་དང་ངན་པ་ལ་ཆད་པ་གཅོད་པའི་ཆེད་དུ་རེད།”སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་གྱི་འགོ་ཁྲིད་ལས་བྱེད་པར། འགན་འཁྲི་བདའ་འདེད་བྱེད་པ་དང་། འགན་འཁྲི་བདའ་འདེད་བྱེད་ཕོད་པ། འགན་འཁྲི་བདའ་འདེད་ནན་པོར་བྱེད་པ་བཅས་ཀྱིས་ཚེ་གང་པོར་འགན་འཁྲི་བདའ་འདེད་བྱེད་དགོས། ལམ་ལུགས་ནི་“ཐོ་ཡོར་”དང་“ཤོག་སྟག་”དང་“འགྱིག་ཐག་”ལྟ་བུར་འགྱུར་མི་སྲིད། ས་གནས་ཁ་ཤས་སུ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མང་པོ་ཐོན་བཞིན་ཡོད་པ་དང་། སྐོང་འདྲི་བྱེད་པ་དང་དམར་རྗེན་དུ་བཏོན་ཀྱང་། ས་གནས་དེ་གའི་ཏང་སྲིད་གཞུང་གིས་འགན་འཁུར་བ་ལ་ཉེས་ཆད་གང་ཡང་བཅད་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ལས་གནས་འཕར་བ་དང་། གལ་ཆེ་སར་བསྐོ་བཞག་བྱས་ཡོད་པ་དེ་དག་ནི། དངོས་གནས་ཡ་མཚར་བ་ཞིག་རེད། འདི་ལྟ་བུའི་བྱ་སྤྱོད་ཀྱི་རིགས་ཡང་བསྐྱར་གཏན་ནས་བྱུང་མི་ཆོག ལྡོག་ཕྱོགས་ཀྱི་དཔེ་མཚོན་འགའ་བཟུང་རྒྱུའམ། ཁྱད་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོས་པ་དཔེ་མཚོན་དུ་བཟུང་ནས་ལྷོད་གཡེང་མི་གཏོང་བ་དང་། ཞིབ་བཤེར་ནན་མོ་བྱས་ནས་རང་གི་སྲུང་བྱ་རུ་འཛིན་དགོས།

ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་ཁྱད་པར་གཟོད་ཐུབ་པ། དམག་འཐབ་ལ་ཁྱད་པར་འཇོན་པ། ལེགས་སྐྱེས་ཁྱད་པར་འབུལ་ཐུབ་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་པའི་དཔུང་ཁག་ཅིག་བསྐྲུན་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ནི་ཕོག་ཐུག་གཏོང་བའི་བྱ་བ་ཞིག་རེད། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་བསྐྲུན་རྒྱུར་དོ་ཁུར་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། རང་འགུལ་གྱིས་ལས་ཀ་སྒྲུབ་ཕོབ་པ་དང་འཇོན་ཐང་ལྡན་པའི་ལས་བྱེད་པའི་རྒྱབ་རྩར་ལངས་ནས་སྐུལ་ལྕག་གཏོང་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ང་ཚོ་མི་རབས་འདིའི་ཕྲག་ཏུ་བབས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་དང་། འགག་སྒྲོལ་དཀའ་སེལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱེད་པར་སྐུལ་འདེད་ཤུགས་ཆེར་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པར་གཏོད་ཆེད་འབད་བརྩོན་ལྷུར་ལེན་བྱེད་དགོས།

སངས་རྒྱས་སྐྱིད་ཀྱིས་བསྒྱུར།