ཝང་ཡུས་ཡན་གྱིས་བརྗོད་དོན་སློབ་གསོ་ཁག་གཅིག་ལ་སློབ་སྦྱོང་བྱེད་འགོ་བརྩམས་པའི་ལས་ཁུངས་སྐོར་གཅིག་ལ་རྟོག་ཞིབ་གནང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཝང་ཡུས་ཡན་གྱིས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཆུ་བེད་ཆུ་གློག(ཚོགས་པ)ཀུང་སི་བཅས་སུ་བསྐྱོད་དེ“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི” བརྗོད་དོན་སློབ་གསོ་ཁག་དང་པོ་སྤེལ་བའི་ལས་ཁུངས་ཀྱི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།

རྟོག་ཞིབ་བྱེད་སྐབས། ཝང་ཡུས་ཡན་གྱིས་ཡུལ་དངོས་སུ་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཞུ་གཏུག་ཐེར་འདོན་ལས་སྟེགས་ཀྱི་ཐད་སྦྲེལ་ཁ་པར་དང་། ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་འདུས་ནུས་ཐེ་ལས་རིགས་ཀུང་སིར་རྟོག་ཞིབ་བྱས་ཤིང་།ལས་ཁུངས་ཁག་གིས་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་དང་། མང་ཚོགས་ཀྱི་རེ་སྒུག་རེ་ཞུ། ཐོན་སྐྱེད་གཉེར་སྐྱོང་འཕེལ་རྒྱས་ཀྱི་ཞིབ་དཔྱད་གནད་དོན་བཅས་དང་ཟུང་འབྲེལ་གྱིས་དག་ཐེར་ལ་དམ་འཛིན་བྱེད་པའི་ལས་སྒོ་དངོས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཝང་ཡུས་ཡན་གྱིས་བརྗོད་དོན་སློབ་གསོ་ཇི་ཙམ་གཏིང་ཟབ་ཏུ་སྤེལ་ཚེ་དེ་ཙམ་གྱིས་ལག་ལེན་གྱི་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱ་དགོས་ལ། གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ་བརྗོད་དོན་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས་པ་བསྟན།

ཝང་ཡུས་ཡན་གྱིས་བསྟན་དོན། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་སྒོས་ལས་ཁུངས་ཁག་གི་ཏང་ཙུའུ(ཏང་ཨུ)ཡིས་བརྗོད་དོན་སློབ་གསོ་དང་ལས་ཁུངས་དེ་ག་དང་ལས་རིགས་དེ་གའི་ལྟེ་བའི་བྱ་བར་སྐུལ་འདེད་གཏང་རྒྱུར་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་གསོན་ཤུགས་འཕེལ་བ་དེ་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བ་བྱ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཚན་ཁག་དང་མི་སྒེར་གྱིས་ཞིབ་བཤེར་བྱས་ནས་ཐོན་པའི་མངོན་གསལ་དོད་པོའི་གནད་དོན་ལ་དམིགས་ཏེ། གྲི་ཁ་རང་སྟེང་ལ་སྐོར་བའི་ཕྱོགས་པའི་བློ་སྟོབས་ལ་བརྟེན་ནས་འཕྲལ་མར་ཞིབ་བཤེར་དང་ལེགས་བཅོས། དེ་བཞིན་རྒྱུས་ལོན་དང་དག་ཐེར་བྱ་དགོས་ལ། སྟོབས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ཀྱིས་གླེང་བ་མང་བའི་སེམས་ཁྲལ་གྱི་བྱ་བ་དང་། སེམས་མི་སྐྱིད་བའི་བྱ་བ། སེམས་མི་བདེ་བའི་བྱ་བ་བཅས་ཁག་གཅིག་ཐག་གཅོད་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྒོ་ནས་དམངས་ཀྱི་ཁེ་ཕན་དོན་གཉེར་བྱ་དགོས། གཟབ་ནན་བྱ་རྒྱུ་མཐའ་འཁྱོངས་དང་། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཇུས་འགོད་ཡག་པོ་བྱེད་པ། སློབ་སྦྱོང་དང་རྟོག་ཞིབ་ཞིབ་འཇུག་གི་གྲུབ་འབྲས་སྤྱོད་པ། ལྟ་ཞིབ་དང་བསམ་ཞིབ་ཀྱི་གནད་དོན་ལ་དམིགས་པ། དག་ཐེར་དང་ལེགས་བཅོས་དོན་འཁྱོལ་བྱས་ཚུལ་དང་ཟུང་འབྲེལ་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱེད་པ་བཅས་ཀྱི་སྒོ་ནས་འགོ་ཁྲིད་ཚན་ཁག་དང་གཞི་རིམ་ཀྲི་པུའུ་ཡི་གོང་བུའི་འགྲིལ་ཤུགས་རྒྱུན་ཆད་མེད་པར་དམ་དུ་གཏང་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།