ཟི་ལིང་གྲོང་ཁྱེར་ཀྲུང་གོའི་བདེ་སྐྱིད་ཀྱི་ཚོར་སྣང་ཆེས་འཛོམས་པའི་གྲོང་ཁྱེར་གྱི་འོས་འདེམ་མིང་ཐོར་ཚུད་པ།

ཟི་ལིང་གི་དོམ་ཁྲ་ཁང་ནི་དམངས་ཕན་ལས་གཞི་གཙོ་བོ་ཞིག་སྟེ། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས“སྐྱོན་བྲལ་འཕེལ་རྒྱས་ཀྱི་མ་དཔེ་གྲོང་ཁྱེར་དང་དུས་རབས་གསར་པའི་ཟི་ལིང་གསར་པ་མགྱོགས་པོར་འཛུགས་སྐྲུན”བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད།

ཅི་ཞིག་ལ་བདེ་སྐྱིད་ཟེར་ཞེ་ན། མི་སོ་སོ་ལ་ལན་རེ་རེ་ཡོད་ངེས། ཡིན་ནའང་གྲོང་ཁྱེར་ཞིག་ལ་ཆ་བཞག་ནས་བཤད་ན། བདེ་སྐྱིད་ནི་གྲོང་ཁྱེར་གྱི་འཚོ་བའི་རྣམ་ཤེས་ལྟ་བུ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་དམིགས་བྱ་མཐར་ཐུག་པ་དེ་ཡིན། 2017ནས2018ལོའི་བར་གྱི་ལོ་འཁོར་འདི་ལ་ཟི་ལིང་གྲོང་ཁྱེར་་ཀྲུང་གོའི་བདེ་སྐྱིད་ཚོར་བ་ཆེས་འཛོམས་པའི་ཐད་གཏོགས་གྲོང་ཁྱེར་དང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཆེན་པོ་བཅུའི་ནང་ཚུད་རྗེས་སུ། “2019ལོའི་ཀྲུང་གོའི་བདེ་སྐྱིད་ཚོར་བ་ཆེས་འཛོམས་པའི་གྲོང་ཁྱེར”རྟོག་ཞིབ་འོས་འདེམ་ཀྱི་བྱེད་སྒོའི་ཁྲོད་ཟི་ལིང་གི་མིང་ཡང་བསྐྱར་ཚུད་འདུག་པའི་གཏམ་བཟང་ཞིག་ཐོག་མར་བསྒྲགས་བྱུང་།

ཉེ་བའི་ལོ་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་རྒྱུན་འཁྱོངས་དང་། “འདུ་ཤེས་བཞི”ཆེར་བསྐྱེད། “རང་རྟོན་བཞི”འགྱུར་མེད་ངང“སྲུང་སྐྱོང་གཉིས”ཀྱི་རྒྱུན་ལེགས་པོར་བསྐྱངས་པ་དང་། “མཐའ་གཅིག་གཉིས”ཚད་གཞི་དང་། “མཐའ་གཅིག་གཉིས”བྱེ་བྲག་གི་ལག་ལེན་ཁྲོད་སྤྱད་དེ། “ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་སྒོ་ཀུན་ནས་ལག་ལེན་མཐའ་འཁྱོལ་དང་། “ལྔ་བཞི་འཐབ་ཇུས”ལག་བསྟར་གཏིང་ཟབ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཧུར་ཐག་བྱས་ནས “མཚོ་སྔོན་གསར་པའི་སྙིང་སྟོབས”དར་སྤེལ་གང་ལེགས་བྱས་པ་དང་། སྣོད་བཅུད་སྔོན་སྤེལ་དང་སྐྱོན་བྲལ་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི“སྣེ་འཁྲིད་མཁན”དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འགོ་ཁྲིད་དམག རབ་མཛེས་མཚོ་སྔོན་གྱི“ཨར་ལས་དཔུང་ཁག”བཅས་བྱས་ནས་སྐྱོན་བྲལ་འཕེལ་རྒྱས་ཀྱི་མ་དཔེ་གྲོང་ཁྱེར་དང་དུས་རབས་གསར་པའི་བདེ་སྐྱིད་ཟི་ལིང་འཛུགས་སྐྲུན་གྱི་ལམ་དུ། གྲོང་ཁྱེར་སྡོད་དམངས་ལ་བདེ་སྐྱིད་ཀྱི་ལེགས་སྐྱེས་རེ་རེ་ཐོབ་ལ། དེ་ནི་ཟི་ལིང་གི་མིང་བྱང་གསར་པར་གྱུར་བའི་དོམ་ཁྲ་ཁང་དང་། ཧྥན་ཧུང་རི་བོའི་མྱུར་བགྲོད་གཞུང་ལམ་ཡོངས་ཤར་གཏོང་། གྲོང་ཁྱེར་སྤྱི་གླིང་ཇེ་མང་ཡིན་པ། འོད་དུ་འཚེར་བའི་“མུ་ཏིག”རྡོག་གཅིག་སྟེ་ཟི་ལིང་གི་མཚན་ལྗོངས་སོགས་ཀྱིས་གྲོང་ཁྱེར་འདིའི་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་ཆེན་པོ་ཞིག་བསྩལ་ཡོད་པ་རེད།

ཤེས་གསལ་ལྟར་ན། ཤིན་ཧྭ་གསར་འགྱུར་ཁང་གི 《ཤར་ཕྱོགས་རྒྱང་ལྟ་གཟའ་རེའི་དུས་དེབ》དང་རྒྱང་ལྟ་རིག་མཛོད་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་མཛད་པའི“ཀྲུང་གོའི་བདེ་སྐྱིད་ཚོར་བ་ཆེས་ཆེ་བའི་གྲོང་ཁྱེར”རྟོག་ཞིབ་འོས་སྦྱོར་གྱི་བྱེད་སྒོ་དེ་ད་ལྟའི་བར་ལོ12རིང་ལ་བར་མ་ཆད་པར་སྤེལ་ཡོད་ཅིང་། སྔ་གཞུག་ཏུ་བདེ་སྐྱིད་ལྡན་པའི་གྲོང་ཁྱེར60ལྷག་འོས་འདེམ་བྱས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཧ་ལམ་མི་དུང་ཕྱུར9རྟོག་ཞིབ་ཀྱི་ལས་སུ་ཞུགས་ཡོད་པ་མ་ཟད། སྨྱན་སྦྱོར་ཚན་པ300ལྷག་གིས་དྲིལ་སྒྲོག་བྱས་ཡོད་པས། “གྲོང་ཁྱེར་གྱི་བདེ་སྐྱིད་ཚོར་བ”ཞེས་པའི་ཐ་སྙད་འདི་མི་ཀུན་གྱི་བློ་ངོར་བཅུག

2018ལོར་རྒྱང་ལྟ་རིག་མཛོད་ཀྱིས་སྣེ་འཁྲིད་དེ་ཀྲུང་གོའི་བདེ་སྐྱིད་གྲོང་ཁྱེར་ཉམས་ཞིབ་ཁང་བཙུགས་ཏེ། གཞི་གྲངས་ལ་གཞི་བཅོལ་པའི་གྲོང་ཁྱེར་གྱི་བདེ་སྐྱིད་ཚོར་བའི་དམིགས་ཚད་མ་ལག་གསར་སྤེལ་བྱས། མ་ལག་དེར་ས་གནས་རིམ་པའི་གྲོང་ཁྱེར100དང་། རྫོང་རིམ་པའི་གྲོང་ཁྱེར(ཆུས)100ཡི་གྲོང་ཁྱེར་གྱི་བརྙན་རིས་དང་། མིའི་བྱ་སྤྱོད་སོགས་འདུས་པའི་གཞི་གྲངས་འཚོལ་སྡུད་བྱས་ཤིང་། མ་དཔེའི་གཞི་གྲངས་ཁྲི10ལྷག་འཚོལ་སྡུད་ཐུབ་ཡོད་པ་རེད། དེའི་ནང་ལས་ཞུགས་དམིགས་ཚད་གྲངས་དང་། སློབ་གསོའི་དམིགས་ཚད་གྲངས། འགྲིམ་འགྲུལ་གྱི་དམིགས་ཚད་གྲངས། སྨན་བཅོས་བདེ་ཐང་གི་དམིགས་ཚད་གྲངས་བཅས་དམིགས་ཚད་རིམ་པ་དང་པོ་གཅིག་ཅན་དགུ་དང་། དམིགས་ཚད་ཞིབ་ཕྲ་རིམ་པ་གཉིས་ཅན་བརྒྱ་ཕྲག་ལྷག་འདུས། གཞི་གྲངས་དེ95%ཡི་དྲ་དམངས་ལ་ཁྱབ་ཅིང་། སློབ་གསོ་དང་།འགྲིམ་འགྲུལ། བདེ་ཐང་། ལས་ཞུགས། འཛད་སྤྱོད་སོགས་ཀྱི་སྤྱོད་མཁན་གྱི་དགའ་ཕྱོགས་རིགས་མི་འདྲ་བ་བརྒྱ་ཕྲག་ལ་ཉེ་བར་འབྲེལ་བས་ཚན་རིག་རང་བཞིན་དང་ཀུན་གྱི་ཡིད་ཆེས་རུང་པའི་ཁྱད་ཆོས་ལྡན།

“2019ལོར་ཀྲུང་གོའི་བདེ་སྐྱིད་ཀྱི་ཚོར་བ་ཆེས་འཛོམས་པའི་གྲོང་ཁྱེར”གྱི་བདམ་བྱའི་འོས་མི་ནི་སྒྲིག་འཛུགས་ཨུ་ལྷན་གྱིས་ལོ་སྔོན་མ་དག་གི་མིང་ཐོ་དང་བསྡུར་ཞིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ནོར་སྲིད་འཐབ་ཇུས་ཞིབ་འཇུག་གླིང་སོགས་ལས་ཁུངས་ཀྱིས་ལོ་སྔོན་མ་དག་ལ་ཁྱབ་སྒྲོག་བྱས་པའི《ཀྲུང་གོའི་གྲོང་ཁྱེར་འགྲན་སློང་ཅན་གྱི་སྙན་ཞུ》ལ་ཟུར་ལྟ། ཀྲུང་གོ་ཚན་རིག་གླིང་གི་གཙོ་སྐྱོང་བྱེད་པའི་གྲོང་ཁྱེར་ཆུང་འབྲིང་གི་དཔལ་འབྱོར་འཕེལ་རྒྱས་ཨུ་ལྷན་སོགས་ལས་ཁུངས་ཀྱིས་ཁྱབ་སྒྲོག་བྱས་པའི“2018ལོའི་རྒྱལ་ཡོངས་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར(ཆུས)”སོགས་ཀྱི་མིང་ཐོ་རྨང་གཞིར་བཟུང་སྟེ། མཐར་ས་གནས་རིམ་པའི་གྲོང་ཁྱེར་དང་དེའི་ཡན་གྱི་གྲོང་ཁྱེར100དང་རྫོང་རིམ་པའི་གྲོང་ཁྱེར(ཆུས)100 བདམས་པ་རེད། སྒྲིག་འཛུགས་ཨུ་ལྷན་གྱིས་ད་ལོའི་འོས་སྦྱོར་རྟོག་ཞིབ་བྱེད་སྒོ་མགོ་བརྩམས་རྗེས་སུ། གཞི་གྲངས་ཆེན་མོ་འཚོལ་སྡུད་དང་དབྱེ་ཞིབ། སྤྱི་དམངས་ལ་རྟོག་ཞིབ། རྒྱུ་ཆ་ཡར་ཞུ་ལ་སོགས་ཀྱི་ལས་བསྒྲུབ་རྒྱུ་མ་ཟད། རྟོག་ཞིབ་མཇུག་འབྲས་དེ་སྤྱི་དམངས་རང་བདག་གི་རྟོག་ཞིབ་དང་དངོས་ཡོད་གཞི་གྲངས་རྟོག་ཞིབ་གཉིས་ཟུང་དུ་འབྲེལ་ནས་ཆེད་ལས་དཔྱད་འཇོག་ལས་ཁུངས་དང་དཔྱད་འདེམ་ཨུ་ལྷན་ཐུན་མོང་གིས་དཔྱད་ཞིབ་ཐག་གཅོད་ཐོག་བདམ་རྒྱུ་ཡིན་པ་དང་། མཐའ་འཇུག་གི་དཔྱད་འདེམས་མཇུག་འབྲས་ཟླ11པར་ཁྱབ་སྒྲོག་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།