རྒྱལ་ཡོངས་དྲ་རྒྱའི་སྨྱན་བྱེད་ཀྱིས་མཚོ་སྔོན་པོའི་སྣོད་བཅུད་མཛེས་ལྗོངས་ལ་བསྟོད་བསྔགས་བྱས་པ།

རི་ཆུ་སྔོ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་ཞེས་པའི་དབུས་ཚྭ་མཚོ་དཀར་མོའི་མཐོང་ཐོས་མྱོང་གསུམ། 

    2014ལོར་དབུས་ཚྭ་མཚོ་དཀར་མོའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི40ལྷག་སྣེ་ལེན་བྱས།2016ལོར་མི་ཐེངས་ཁྲི171སྣེ་ལེན་བྱས། 2018ལོར་མི་ཐེངས་ཁྲི300སྣེ་ལེན་བྱས།

ཆུ་མོ་རྒྱས་པ་བཞིན་འཕེལ་ཁ་ཧ་ཅང་མྱུར་བའི་གཞི་གྲངས་འདིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུ་ཡོད་པའི་དབུས་ཚྭ་མཚོ་དཀར་མོ་དེ་ཀུན་གྱིས་ཆེས་དགའ་བསུ་ཐོབ་པའི་ལྗོངས་ཁུལ་གྲས་ཀྱི་གཅིག་ཏུ་གྱུར་བ་གསལ་སྟོན་བྱས་ཡོད།

མུ་མེད་ལུང་སྟོང་གི་བྱེ་ཐང་དེ་ཁུ་སིམ་མེར་ཐབས་ཟད་འུ་ཐུག་གི་ངང་ནས་རྒུད་པའི་དུས་སུ། གྲགས་འགུལ་མེད་པའི་དབུས་ཚྭ་མཚོ་དཀར་མོ་དེ་གློ་བུར་དུ་སྒྱུ་མའི་འཕྲུལ་ཞུགས་པ་བཞིན་སྒེག་ཉམས་སྟོང་གིས་ཕྱུག་སྟེ་ཀུན་གྱི་སྤྱན་སྔར་ངང་གིས་བསླེབས་བྱུང་།

    ཟླ8ཚེས12ཉིན། བརྗིད་ཆགས་ཡིད་འོང་གི་ལོ་ངོ70། འབད་འཐབ་བྱས་པའི་མཚོ་སྔོན་གསར་པ་སྟེ། 2019ལོའི་རྒྱལ་ཡོངས་དྲ་རྒྱའི་སྨྱན་བྱེད་གཙོ་ཁག་གིས་མཚོ་སྔོན་ལ་ལྟ་བ་ཞེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་ཀྱི་གསར་འགོད་ཚོགས་པ་དབུས་ཚྭ་མཚོ་དཀར་མོའི་ཁར་འབྱོར་ནས་ཡུལ་དངོས་ལ་རྒྱུས་ལོན་དང་། ཏག་ཏག་ལོ་ངོ་འགའི་རིང་ལ་མཚར་སྐྱེས་བྱུང་བའི“གསང་པ”བརྟོལ་བ་ཅི་ཐུབ་བྱེད་པ་ནི་མཚོ་སྔོན་གྱི་འཁོར་རྒྱུག་བཟང་བའི་སྣོད་བཅུད་ཐོན་སྐྱེད་འཚོ་བའི་གསོན་ཉམས་ལྡན་པའི་དཔེ་གཞི་ཞིག་ཏུ་གྱུར་ཡོད།

    རྒྱལ་ཡོངས་དྲ་རྒྱའི་སྨྱན་བྱེད་གཙོ་ཁག་གིས་མཚོ་སྔོན་ལ་ལྟ་བ། 

དབུས་ཚྭ་མཚོ་དཀར་མོ་ནི་སྟོང་ལྷིང་ལྷིང་གི་མུ་མེད་བྱེ་ཐང་ཁྲོད་ན་གནས་ཡོད་ཅིང་། ཚྭ་འདོན་གྱི་ལོ་རྒྱུས་ཧན་རྒྱལ་རབས་ཀྱི་ཡན་ཆོད་ལ་དེད་ཆོག ཚྭ་མཚེའུ་རུ་མཐོན་མཐིང་གི་ནམ་མཁའ་དང་། སྤྲིན་དཀར་ལང་ལོང་རྒྱུ་བ། མཚེའུའི་ཕར་ངོགས་ཀྱི་རི་རྒྱུད་བཅས་མེ་ལོང་བཞིན་གསལ་བས་ཀུན་གྱིས་དེ་ལ“ནམ་མཁའི་མེ་ལོང”ཞེས་པའི་མཚན་སྙན་བསྒྲོན། ད་ཆ་ཡུལ་སྐོར་བ་སྟོང་ཕྲག་མང་པོ་མཚོ་མོའི་ལང་ཚོ་རྫོགས་པའི་བཞིན་མདངས་ཁོ་ནར་སྙེག་ནས་གནས་འདིར་གོམ་ཁ་བསྒྱུར་ཞིང་། གསལ་པའི་མེ་ལོང་བཞིན་བཀྲ་བའི་མཚོ་ངོས་སུ་རང་གཟུགས་ངོམ་ནས་སྐད་ཅིག་མའི་སྣང་བ་དེ་ཚེ་སྲོག་གི་ལྗོངས་རིས་ངོས་སུ་ཕབ་ཅིང་དྲན་པའི་ངོགས་སུ་བསྐོ་བར་བྲེལ།

ལྗོངས་ཁུལ་དེས་གསར་སྤེལ་གྱི་ཞོར་ཏུ་སྲུང་སྐྱོང་དང་། སྲུང་སྐྱོང་དང་མཉམ་དུ་གསར་སྤེལ་བྱས་ནས“རི་ཆུ་སྔོ་དྭངས”དང“གསེར་རི་དངུལ་རིའི”བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་ཆེད། གསར་སྤེལ་འཛུགས་སྐྲུན་གྱི་དུས་ལ“སྲུང་སྐྱོང་ཁྲོད་གསར་སྤེལ་དང་། གསར་སྤེལ་ཁྲོད་སྲུང་སྐྱོང་”བྱས་ནས་ཚན་རིག་དང་མཐུན་ལ། རང་བྱུང་ཁམས་དང་བསྟུན་པའི་རྒྱུད་མཐུན་འཕེལ་རྒྱས་བྱུང་། མཚོ་སྔོན་ཞིང་ཆེན་གྱིས་ཆུ་དཔོན་ལམ་ལུགས་ཐོག་མར་ལག་བསྟར་བྱེད་སྐབས་སུ་ལྗོངས་ཁུལ་དེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་དཔེ་ལེགས་བཏོད་དེ། དབུས་ཚྭ་མཚོ་དཀར་པོ་དེ་ཆུ་དཔོན་ལམ་ལུགས་ཀྱི་དོ་དམ་ཁྱབ་ཁོངས་སུ་བླངས་པ་རེད།

ད་ལོར་ལོ50སོན་པའི་སུན་ཧྲོའུ་ཀྲེན་ནི་དབུས་ཚྭ་མཚོ་དཀར་མོའི་ལྗོངས་ཁུལ་གྱི་གད་པ་ཞིག་རེད། ཁོ་དང་ཁོའི་དཔུང་སྡེས་དབུས་ཚྭ་མཚོ་དཀར་མོའི་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲར་འགན་ཁུར་ཡོད། ཟླ7པ་ནི་ལྗོངས་ཁུལ་ལ་ཕེབས་མཁན་ཡུལ་སྐོར་ཆེས་མང་པོའི་དུས་ཡིན་ཏེ། ཉིན་རེར་ཆ་སྙོམས་སྐུ་མགྲོན་མི་ཐེངས10000ཡས་མས་ཡོད་པ་དང་། ཉིན་རེར་ནམ་གསལ་མ་ཐག་སུན་ཧྲོའུ་ཀྲེན་དང་ཁོའི་དཔུང་སྡེས་ཚྭ་མཚེའུ་ལྗོངས་ཁུལ་དུ་སྐོར་ཞིབ་བྱས་ནས་གད་སྙིགས་འཐུ་བ་རེད། ད་ཆ་དབུས་ཚྭ་མཚོ་དཀར་མོའི་ཁོར་ཡུག་འཕྲོད་བསྟེན་དང་སྒྲིག་ཆས་ཇེ་ལེགས་སུ་སོང་ཡོད་ཅིང་། ཡུལ་སྐོར་བ་རྣམས་ཀྱིས་ལྟ་སྐོར་བྱེད་དུས་གོ་རིམ་དང་ལྡན་ལ་ཁོར་ཡུག་འཕྲོད་བསྟེན་སོགས་ཉམས་དགའ་བ་ཞིག་ཏུ་གྱུར་ཡོད། ཐ་ན་གཙང་སྦྲ་བ་རྣམས་ཀྱང་ལྗོངས་ཁུལ་དུ་ཕེབས་པའི་ལྟ་སྐོར་བ་ཁྲོད་ན་ལྷེམ་མེར་བཀྲ་བའི་མེ་ཏོག་གི་ཚོགས་བཞིན་རྣམ་པར་མཛེས། ལན་རེར་མཚེའུ་ནང་གི་གད་སྙིགས་ལེན་དུས་འཆར་བའི་གཟུགས་བརྙན་ལ་ཡུལ་སྐོར་བ་རྣམས་ཀྱིས་ནམ་མཁའ་མེ་ལོང་དུ་འཆར་བའི“ཆུ་ནང་གི་ཆེས་མཛེས་པའི་གཟུགས་བརྙན” ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

དེ་དང་ཆབས་ཅིག ཚྭ་མཚོ་དཀར་མོའི་ཡུལ་སྐོར་གསར་སྤེལ་གྱིས་ཡུལ་དེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མགྱོགས་པོར་འཕེལ་བར་སྐུལ་འཁྲིད་དང་། ཡུལ་དེའི་ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་གོ་སྐབས་བཟང་པོ་བསྐྲུན། དབུས་ཚྭ་མཚོ་དཀར་མོ་ཡོད་སའི་ཚྭ་ཁ་གྲོང་རྡལ་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་། ཀུན་གྱིས་དེ་ལ་ཚྭ་འདམ་གྱི་ཤར་སྒོ་ཆེན་མོ་ཞེས་འབོད། སྔོན་ཆད་ཞིང་འབྲོག་པའི་ཡོང་འབབ་དེ་གཙོ་བོ་ཕྱི་ཕྱོགས་ལ“ཁྲག་འདོན”གྱི་ཞོར་ལས་ཁོ་ནར་བརྟེན་གྱི་ཡོད་མོད། ད་ཆ་ཞིང་འབྲོག་པས་ཚྭ་བཟོས་འབར་བརྐོས་དང་། ཞིང་ཁྱིམ་སྤྲོ་སྐྱིད་གླིང་། ཡུལ་སྐོར་ལས་དོན་ཁང་སོགས་རྣམ་པ་སྣ་མང་གི་“ཁྲག་བཟོ”ཕྱུག་འགྱུར་གྱི་བྱེད་ཐབས་མང་པོ་རྙེད་ཡོད་པ་དང་། ཧི་ཡུན་ཧྥུ་ནི་དེའི་ཁྲོད་ཀྱི་ཚབ་མཚོན་ཉག་ཅིག་རེད། ཁོ་རང་ས་སྐྱེས་རྡོ་སྐྱེས་ཀྱི་ཚྭ་ཁ་བ་ཞིག་ཡིན་པས་ཆ་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གོམ་ཁ་དང་བསྟུན་ནས་ཐོག་མར་བོགས་གཏོང་རླངས་འཁོར་གྱི་ལས་ལས་ཀ་གཉེར་ཞིང་། ཡུལ་སྐོར་དུས་བཟང་སླེབས་འཕྲད། ཏག་ཏག་ལེ་དབར་བཞི་ལས་མེད་པའི་གྲོང་རྡལ་ནས་ལྗོངས་ཁུལ་བར་ལ་འགྲུལ་བ་ཐེངས་ལྔ་བཅུ་ལྷག་ཕར་སྐྱེལ་ཚར་ལེན་བྱས་ནས་ཉིན་གང་བོར་ངལ་གསོའི་ཁོམ་ལོང་བྲལ། དེ་མ་ཟད་ཁོས་རང་ཁྱིམ་གྱི་ར་སྐོར་དུ་ཞིང་ཁྱིམ་སྤྲོ་སྐྱིད་གླིང་ཞིག་བཙུགས་པར།2018ལོ་ནར་སྒོར་ཁྲི20 ལྷག་བཙལ་ཐུབ་པ་བྱུང་། ད་ཆ་ཚྭ་ཁ་གྲོང་རྡལ་གྱི་ཁྲོམ་རར་ཚོང་ཁང558ཡོད་ཅིང་། དེ་ནི་མི་འབོར4100ལས་མེད་པའི་གྲོང་རྡལ་ཆུང་ཆུང་འདི་ལ་མཚོན་ན་ཚྭ་ཁ་བ་བདུན་གྱི་ནང་ནས་གཅིག་སྦྱིན་བདག་ཡིན་པ་རེད།

ལྗོངས་ཁུལ་འཕེལ་རྒྱས་སུ་སོང་བའི་དབང་གིས་ཚྭ་ཁ་གྲོང་རྡལ་ལ་སྔ་གཞུག་ཏུ“རྒྱལ་ཁབ་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ”དང“ཀྲུང་གོའི་རིག་གནས་ཀྱི་རིན་ཐང་ལྡན་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ”ཞེས་པ་དང་། དེ་མིན“རྒྱལ་ཡོངས་ཀྱི་འཚོ་སྡོད་ལ་འཚམ་པའི་མཛེས་པའི་གྲོང་རྡལ་ཆུང་ངུ”ཞེས་རྒྱལ་ཁབ་རིམ་པའི་མཚན་སྙན་གསུམ་ཐོབ། མཚན་སྙན་རེ་རེ་ལ་བརྟེན་ནས་མ་དངུལ་གཏོང་འཇོག་མཁན་མང་པོས་ཚྭ་ཁ་གྲོང་རྡལ་དང་དེའི་ཉེ་འཁོར་གྱི་འཛུགས་སྐྲུན་ལ་གདེང་ཚོད་ཆེན་པོས་ཁེངས་ནས་ཡུལ་དེའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔལ་འབྱོར་གོང་ནས་གོང་སྤེལ་ཐུབ་པ་བྱུང་།

ད་སྔ་མཚོ་སྔོན་དབུས་ཚྭ་མཚོ་དཀར་མོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིས་བཟོ་སྐྲུན་ལ་བརྟེན་ནས་ལྗོངས་ཁུལ་གྱི་གསར་གཏོད་དང་བཅོས་སྒྱུར་གྱི་ཁ་ཕྱོགས་དེ་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་རབས་ལ་གཏད་དེ་བསྐྱོད་དང་སྐྱོད་མུས་ཡིན་ལ། དྲ་སྦྲེལ་སྡིངས་ཆ་བེད་སྤྱོད་ལ་བརྟེན་ནས་འོས་སྦྱོར་གང་ལེགས་བྱས་པ་མ་ཟད། སྙན་ངག་གི་བཞུད་ལམ། སྐར་ཚོགས་ལ་ལྟ་བ། དཔལ་ཡོན་ཡུལ་སྐོར་ལ་སོགས་པའི་རིག་གནས་བརྗོད་གཞིར་བཟུང་བའི་མུ་འབྲེལ་བྱེད་སྒོ་སྤེལ་ནས་ཡུལ་སྐོར་གྱི་དུས་བཟང་དང་དུས་བཟང་མ་ཡིན་པའི་བར་རིམ་གྱིས་བརྒལ་ཐུབ་པ་བྱུང་བས། ལོ་ཧྲིལ་བོའི་ཡུལ་སྐོར་མི་འབོར་དེ་གཏན་འཇགས་ངང་འཕར་ཐུབ་ཀྱིན་ཡོད།

དབུས་ཚྭ་མཚོ་དཀར་མོའི་འཕེལ་རྒྱས་ནི“རི་ཆུ་སྔོ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་ལག་ལེན་དངོས་ལས་བྱུང་བ་ཡིན། “གཞོན་ཤར”གྱི་ལྗོངས་ཁུལ་ཞིག་ཡིན་པའི་ཆ་ནས་དེའི་འཕེལ་རྒྱས་ལ་མཐོ་ཚད་ཡོད་ལ་ཟབ་ཚད་ཀྱང་དེ་ལས་ལྷག གནས་དེར་ཡུལ་སྐོར་ལས་རིགས་དར་འཕྱི་ན་ཡང་། ལོ་ངོ་གཉིས་གསུམ་གྱི་རིང་ལ་དར་རྒྱས་ཆེན་པོ་བྱུང་ནས་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་ནས5Aཔར་བརྒལ་གྱི་ཡོད་ཅིང་། ཆིག་རྐྱང་གི་བཟོ་ལས་ཐོན་སྐྱེད་དང་ཡུལ་སྐོར་ལྗོངས་རྒྱུ་ནས་ད་ལྟ་སྣོད་བཅུད་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཕྱུག་འགྱུར་ལ་འཁྲིད་པའི་སྣེ་མང་གཞི་གཅིག་གི་ཕྱོགས་བསྡུས་འཕེལ་རྒྱས་བྱུང་བས། མཚོ་སྔོན་གྱི་འཛིན་མའི་ངོགས་སུ་ལྐོག་གྱུར་ཏུ་ལུས་པའི་ངོས་ཡོལ་རིམ་གྱིས་ཕྱེས་ཏེ། བཅོས་སྒྱུར་གྱི་གོམ་ཁ་ཤིན་ཏུ་རྒོད་པའི་འཕེལ་རྒྱས་ཀྱི་ལམ་ཁ་འདིར་ཀུན་ལ་ཧངས་སངས་དགོས་པའི་རྣམ་པ་མངོན།

དབུས་ཚྭ་མཚོ་དཀར་མོས་བྱེ་ཐང་གི་ཀློང་ན་གནས་པའི་ཡུལ་དེའི་དར་རྒྱས་གོང་སྤེལ་ལ་གསོན་ཤུགས་སྦྱིན་ཞིང་། རི་ཆུ་དང་གྲོང་གསེབ་གྲོང་རྡལ་ལ“ཆུ་ནང་གི་གཟུགས་བརྙན་ལྟ་བུའི”མཛེས་པ་ཞིག་གནང་ཡོད་ལ། དེ་ནི་རྩོལ་བྱུང་རིག་གནས་དང་ཡིད་འོང་མཛེས་ལྗོངས་དང་། འགན་སྲུང་ཡོད་པའི་འཕེལ་རྒྱས འཁྲེང་སེམས་དང་འཆར་ཡན། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྣོད་བཅུད་མཛེས་ལྗོངས། དར་ཞིང་འཕེལ་བཞིན་པའི་གསེར་རི་དང་དངུལ་རི་སོགས་ལྟ་བུ་རེད།

ཁོན་ཐར་འཚོས་བསྒྱུར།