ཉའོ་ཁྲེང་ཡུན་གྱིས་དཔའ་ལུང་རྫོང་དུ་སྡེ་ཁུལ་གསར་པ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས་གཏམ་བཤད་གལ་ཆེན་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས10ཉིན། མཚོ་ཤར་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཉའོ་ཁྲེང་ཡུན་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་དུ་སོང་ནས་སྡེ་ཁུལ་གསར་པ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པ་རེད།

དཔའ་ལུང་རྫོང་རྩ་བ་གྲོང་རྡལ་གྱི་སྡེ་ཁུལ་གསར་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གཞི་དེ་རྩ་བ་དང་། ཨ་སྡེ། ལ་ཁ་དང་གླག་ཚང་སྲིད་འཛིན་གྲོང་ཚོ་བཞི་དང་འབྲེལ་བ་ཡོད་པ་དང་། བསྡོམས་པའི་སྒོར་དུང་ཕྱུར1.3མ་དངུལ་གཏོང་འཇོག་བྱས་ནས་ཐོག་ཁང་སྟ23བསྐྲུན་རྒྱུའི་འཆར་འགོད་བྱས་ཡོད་པ་རེད། དེང་སྐབས། ཐོག་ཁང18བསྐྲུན་ཟིན་པ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་པོའི་ཁྱིམ་ཚང55དང་། ཡིག་ཚགས་དང་བྱང་བུ་མ་བཟོས་པའི་དབུལ་པོའི་ཁྱིམ་ཚང་ 108དང་། བཤིག་སྤོ་བཀོད་སྒྲིག་ཁྱིམ་ཚང་32དང་ཚོང་སྒྱུར་སྡོད་ཁང17བཅས་ནང་སྤོས་ཡོད་པ་རེད།

རྩ་བ་གྲོང་རྡལ་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་སྡེ་ཁུལ་གསར་པར་ཉའོ་ཁྲེང་ཡུན་གྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏང་རྒྱུར་དམིགས་ཏེ། ཏང་འཛུགས་སྐྱོང་གིས་སྡེ་ཁུལ་གསར་པ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་ཤུགས་ཆེ་ས་དང་དཀའ་གནད་ཀྱི་འགག་རྩ་དག་་ཐག་གཅོད་ཡག་པོ་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏང་དགོས། ད་ལོའི་སྟོན་དུས་ཀྱི་འོས་འགན་ཤིང་འཛུགས་ནགས་བཟོའི་ཚོགས་ཆེན་གྱི་དམག་འཐབ་དང་ཟུང་འབྲེལ་བྱས་ཏེ། སྡེ་ཁུལ་ཆེ་ཆུང་ལྗང་བཟོའི་འགྱུར་ཤུགས་ཆེ་རུ་གཏང་བ་དང་། སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་་སྡེ་ལས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དོན་དངོས་སུ་སྡེ་ཁུལ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏང་དགོས་པ་བསྟན།

རྩ་བ་གྲོང་རྡལ་དུ་ཉའོ་ཁྲེང་ཡུན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དབུལ་པོ་ཁྱིམ་ཚང་ལ་འཚམས་འདྲི་བྱས་ཤིང་། ཁོང་ཚོའི་གནས་སྤོས་རྗེས་ཀྱི་ཁྱིམ་ཚང་གི་ཡོང་འབབ་དང་། ལས་གཉེར་ལས་ཞུགས། སྨན་པ་བསྟེན་པ། བུ་ཕྲུག་སློབ་གྲྭར་འགྲོ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། ད་དུང་ཁོང་ཚོར་ཏང་ཀྲུང་དབྱང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་དྲིན་ཤེས་དགོས་པར་སྐུལ་མ་བཏང་། དེའི་སྐབས། ཉའོ་ཁྲེང་ཡུན་གྱིས་གྲོང་ཚོར་བཅའ་སྡོད་བྱ་བ་རུ་ཁག་གི་ཁོངས་མི་དང་གྲོང་ཚོའི་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་བྱས་ནས་དབུལ་ཐར་འགག་སྒྲོལ་བྱ་བ་དང་འཐེན་ཐུག་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ལས་བྱེད་པས་“སེམས་ཁྲལ་མེད་པ་གཉིས་དང་འགན་བཅོལ་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། དབུལ་པོའི་ཁྱིམ་ཚང་གི་དཀའ་ངལ་དང་དགོས་མཁོ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ་ཡོང་འབབ་འཕར་བ་དང་། ཁུར་པོ་ཡང་དུ་གཏང་བའི་ཐད་ཤུགས་སྣོན་པ། བྱ་ཐབས་དངོས་འདོན་པ་བཅས་བྱས་ཏེ་མང་ཚོགས་དབུལ་པོ་གནས་སྤོ་ཐུབ་པ་དང་། བརྟན་པོ་ཡོང་བ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་དགོས་པ་བསྟན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བཀའ་དྲིན་དང་། འགྱུར་ལྡོག འཕེལ་རྒྱས་བཅས་བཤད་དེ། དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཏེ། རང་སྟོབས་རང་སྤེལ་དང་། ལས་བརྩོན་ཕྱུག་འགྱུར། དྲིན་ཚོར་ཡར་བརྩོན་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།