བྱེད་ཐབས28ལག་བསྟར་བྱས་ཏེ་འཛད་སྤྱོད་འདི་དག་གི་སྤུས་ཚད་ཇེ་ལེགས་སུ་གཏང་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རང་ཞིང་གིས་འཛད་སྤྱོད་སྒྲིག་གཞི་སྔར་ལས་སྡོད་དམངས་ཀྱི་འཛད་སྤྱོད་ཕྱོགས་སུ་སྤྱོད་པར་སྐུལ་འདེད་བྱེད་པའི་ཐད་ཀྱི་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱས་ཏེ། ཕྱོགས་དྲུག་ནས་ཞིབ་ཕྲའི་བྱེད་ཐབས28བཏོན་པ་རེད།

གཅིག སྡོད་ཁང་གི་འཛད་སྤྱོད་སྤུས་ཚད་ཇེ་ལེགས་སུ་གཏོང་བ།

སྡོད་ཁང་དོ་དམ་དྲ་ཚིགས་ཀྱི་འབྲེལ་ཡོད་སྡོད་ཁང་གི་ཐོ་འགོད་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱས་ཏེ། ཁང་ས་བདག་ཁོངས་ཀྱི་ཆ་འཕྲིན་ཁྱབ་སྤེལ་སྒྲིག་གཞི་འཐུས་ཚང་དུ་འཛུགས་རྒྱུ་ཡིན་ཞིང་། སྤུས་ཚད་དང་རིན་གོང་མཐུན་པའི་ཞབས་ཞུའི་གྲོན་དངུལ་བསྡུ་བའི་སྒྲིག་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།

གཉིས། གློག་སྒུལ་རླངས་འཁོར་གྱི་འཛད་སྤྱོད་ཚད་ཆེ་རུ་གཏོང་བ།

དཔལ་འབྱོར་ཁ་གསབ་དང་བེད་སྤྱོད་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་ནས། རླངས་འཁོར་རྙིང་བ་འདོར་བ་དང་ནུས་ཁུངས་གསར་པའི་གློག་སྒུལ་རླངས་འཁོར་སྤྱོད་པར་སྐུལ་འདེད་བྱ་རྒྱུ་ཡིན་ཞིང་། གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་གློག་སྣོད་འཇོག་ས་ཆེ་རུ་གཏང་རྒྱུ་རེད།

གསུམ། ལྷད་མེད་འཛད་སྤྱོད་འཕེལ་རྒྱུས་སུ་གཏོང་བ།

ནུས་ཁུངས་དང་ཆུ་གྲོན་ཆུང་བྱེད་ཐུབ་པའི་ཐོན་རྫས་དང་བསྐྱར་སྐྱེད་ཐོན་རྫས། ཁོར་སྲུང་ཐོན་རྫས་སོགས་ཀྱི་ལྷད་མེད་འཛད་སྤྱོད་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ལྷད་མེད་ཐོན་རྫས་མངགས་ཉོ་བྱེད་པར་སྣེ་ཁྲིད་བྱ་རྒྱུ་རེད།

བཞི། ཆ་འཕྲིན་འཛད་སྤྱོད་ཇེ་ལེགས་སུ་གཏོང་བ།

སྐུལ་མེད་དྲ་རྒྱའི་འཛུགས་སྐྲུན་ཇེ་མགྱོགས་དང5G ཚོད་ལྟའི་ས་ཚིགས་ཧུར་བསྐྱེད་སྒོས་སྐུལ་འདེད་བྱས་ཏེ། དྲ་རྒྱ་ཇེ་མགྱོགས་དང་འགྲོ་གྲོན་ཇེ་དམའ་རུ་ཡོང་བར་མངོན་འགྱུར་བྱ་རྒྱུ་རེད།

ལྔ། སྲོལ་རྒྱུན་གྱི་ཚོང་དོན་དར་སྤེལ་དུ་གཏོང་བ།

ས་ཁོངས་རང་བཞིན་གྱི་ཚོང་ར་དང་ཁྱད་ལྡན་ཚོང་ལས་སྲང་ལམ་གསར་སྐྲུན་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་ཚོང་རྟགས་གྲགས་ཅན་དང་ཁྱད་ལྡན་ཚོང་རྟགས་ཕྱིར་འཚོང་བྱེད་པར་འགུག་པ། དངོས་ཡོད་ཚོང་ར་རིགས་སྒྱུར་བྱེད་པར་སྐུལ་འདེད་དང་འཕྲུལ་ཤེས་ཚོང་ཁང་དང་རྣམ་པ་གསར་པའི་སིལ་འཚོང་ཁང་འཕེལ་རྒྱས་སུ་གཏང་བར་མཛུབ་སྟོན་བྱ་རྒྱུ་རེད།

དྲུག ཞིང་སྡེའི་འཛད་སྤྱོད་རིམ་སྤོར་བྱེད་པ།

ཞིང་སྡེའི་འཛད་སྤྱོད་ཀྱི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ། གློག་རྡུལ་ཚོང་དོན་ཞིང་སྡེར་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ཚོང་ཁང་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།