མཚོ་ནུབ་ཁུལ་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་ཞིང་གྲོང་བསྐྲུན་པའི་སྤུས་ཚད་མཐོ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་ནུབ་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་དམིགས་ཚད་དུ་བྱེད་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ལེགས་ཆ་འདོན་སྤེལ་བྱེད་པའི་རྩ་དོན་གཞིར་བཟུང་། རྨང་གཞིའི་སྒྲིག་བཀོད་དང་། གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག ཐོན་ལས་འཕེལ་རྒྱས་སོགས་ཐད་ཤུགས་བསྣན་ནས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས། གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་རོང་འབྲོག་མང་ཚོགས་ཀྱི་སྔར་བས་བདེ་སྐྱིད་བསྐྲུན།

ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་། ཁུལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར3.91བཏང་ནས་སྲིད་འཛིན་གྲོང་ཚོ56ལ་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཤིང་ དེ་འབྲེལ་གྱི་ཞིང་འབྲོག་དུད་ཚང11237དང་གྲོང་ཚོའི“བཙོག་ཟིང་ཞན་གསུམ”གྱི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱས་པས་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག རྨང་གཞིའི་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་ཞིང་། འཛུགས་སྐྲུན་གྲོང་ཚོ་ཁག་གི་འཐུང་ཆུའི་གནད་དོན་ཐག་གཅོད་དང་སྟབས་བདེ་ཅན་དུ་བསྐྲུན་པ། གློག་དྲ་སྒྱུར་བཀོད་ཚང་མ་ལེགས་གྲུབ་ཟིན་པ་དང་། གྲོང་ཚོ་རིམ་པའི་འགྲོ་ལམ་སྲ་འགྱུར་ཁྱབ་ཚད90%ཡན་ཟིན་པ། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་གཞུང་དོན་ཞབས་ཞུའི་ལྟེ་གནས་དང་། མང་ཚོགས་ཀྱི་རིག་གནས་ཐང་ཆེན། གཟེབ་གྲུག་སྤོ་ལོའི་ཐང་ཆེན། རིག་གནས་གར་སྟེགས། རིག་གནས་བྱེད་སྒོ་ཁང་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ། གྲོང་ཚོའི་གཞུང་ལམ་དང་སྤྱི་པའི་འདུ་གནས་ཀྱི་ལམ་སྒྲོན95%ཡན་ཟིན་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་བཅས་རེད། 

གྲོང་གསེབ་མཛེས་སྡུག་ཐད་ནས། གྲོང་ཚོའི་རྣམ་པ་ལས་གཞན་ད་དུང་། ཐོན་ལས་མཛེས་པ་དང་། དར་སྲོལ་མཛེས་པ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བཅས་ལ་དེ་བས་སྣང་ཆེན་བྱེད་དགོས། མཚོ་ནུབ་ཁུལ་གྱིས་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་་གྲོང་ཚོའི་ཐོན་ལས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་མངོན་པར་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རོགས་བྱ་རྒྱུ་དང་། ནོར་ལུག་གི་ཤ་ལས་སྣོན་དང་། མང་ཚོགས་ལ་ཐོན་ལས་མཐུན་ཚོགས་དང་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་གཟུག་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས“མཐུན་ཚོགས་དང་ཞིང་དུད་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་གཏང་རྒྱུ་རེད།

ལོ་ཙཱ་བ། ཀླུ་མོ།