ཝང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ8པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་སྟོད་པ་གྲོང་གསར་དུ་ཕེབས་ཏེ། ཤིན་ཧྭ་མཉམ་འབྲེལ་ལྷན་ཚོགས་ཟི་ལིང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་འཛུགས་སྐྲུན་ལས་གཞིར་རྟོག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་ལ་དམིགས་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད། ཞིང་ཆེན་གྱི་ལྟེ་བའི་འགན་འཁྲི་ཕྲག་ཏུ་འཁུར་ནས་སྤྱི་གླིང་གྲོང་ཁྱེར་གཏོད་དགོས་ཞེས་ཟེར།

ཟླ་བརྒྱད་པའི་ཟི་ལིང་གྲོང་ཁྱེར་ཁོར་ཡུག་ལྟ་ན་སྡུག་ཅིང་། སྟོད་པ་གྲོང་གསར་གྱི་གཞི་ཁྱོན་ལ་ཐོག་མའི་རྣམ་པ་རགས་ཙམ་ཆགས་ཡོད། ཤིན་ཧྭ་མཉམ་འབྲེལ་ལྷན་ཚོགས་ཟི་ལིང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་གི་ལས་གཞིའི་འགྲེམས་པང་མདུན་དུ། ཝང་ཅན་ཅོན་གྱིས་གཟིགས་ཞིབ་ནན་མོ་བྱས་པ་དང་ངོ་སྤྲོད་ལ་གསན་པ་རེད། ཁོང་གིས་ཡུལ་སྐོར་གྲོང་རྡལ་བསྐྲུན་པའི་སྤྱིའི་འཕེལ་ཕྱོགས་དང་བྱིས་པའི་སྤྲོ་སྐྱིད་གླིང་སྒོ་ཕྱེ་རྩིས་ཡོད་པའི་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཡུལ་སྐོར་བའི་སྣེ་ལེན་ནུས་པ་དང་ལས་ཞུགས་སྣེ་ཁྲིད་ནུས་པ། བཟའ་བཏུང་ཚོང་ལས་ཞབས་ཞུ་དང་ཡུལ་སྐོར་རླངས་འཁོར་འཇོག་ས་སོགས་ཀྱི་གནས་ཚུལ་ལ་རེ་རེ་བཞིན་ཤེས་རྟོགས་བྱས་པ་དང་འབྲེལ།དེ་གའི་འབྲེལ་ཡོད་འགན་ཁུར་བ་དག་ལ་ཞབས་ཞུའི་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས་་ཞིབ་ཚགས་ཅན་གྱི་དོ་དམ་ལ་བརྟེན་ནས་འཁོར་སྐྱོད་བདེ་འཇགས་དང་། གོ་རིམ་ལྡན་པ་དང་ཞབས་ཞུ་ལེགས་པོ་ཡོང་བར་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ལྟེ་གནས་སྟོབས་ལྡན་དུ་གྱུར་བ་ཡིན་ན་གཞི་ནས་ཞིང་ཆེན་ཡོངས་སྟོབས་ལྡན་དུ་འགྱུར་ཐུབ་པ་ཡིན། ཟི་ལིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་དངོས་འབེབས་དོན་འཁྱོལ་བྱས་ནས། རང་རྟོགས་སྒོས་སྦྲེལ་མཐུད་དང་གཏིང་ཟབ་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་དང་སིམ་འདྲེས་ཡོང་བར་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་པ་དང་འཚེ་མེད་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ནས། དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་གསོན་ཉམས་ལྡན་ཞིང་དཔལ་ཡོན་གྱི་རྨང་རྐང་ལེགས་པ། ལྗང་མདོག་གི་བསམ་བློས་ཕྱུག་པ། རིག་གནས་དང་གསར་གཏོད་ཀྱི་རྣམ་པ་འཛོམས་པ། བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་ཡོད་པ། བསམ་བློ་དང་རྒྱུ་ནོར་འདོན་སྤྲོད་བྱེད་ཐུབ་པ་བཅས་ཀྱི་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། གནས་འདིར་འཚོ་བ་རོལ་གྱིན་པའི་མི་དམངས་རྣམས་ལ་བདེ་སྡོད་ལས་སྐྲུན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་མཐར། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་བདེ་སྐྱིད་ལྡན་པའི་ཟི་ལིང་གི་འདེགས་སྐྱོར་ཆེས་ཆེ་ཤོས་སུ་འགྱུར་བར་བྱེད་དགོས་ཟེར།

ཝང་ཞའོ་དང་། ཡུས་ཚུང་ལི་སོགས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

ལོ་ཙཱ་བ། ཀླུ་མོ།