ཀའོ་ཧྭ་ཡིས་རྒྱ་མདོ་དང་མདོ་ལ་རྫོང་ལ་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ8པའི་ཚེས7ཉིན་ནས་ཚེས9ཉིན་བར། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཀའོ་ཧྭ་ཡིས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་ཁོངས་མི་དང་ཆེད་ལས་འཐུས་མིའི་ཚོགས་ཆུང་གི་ཁོངས་མི་བཅས་ཀྱི་སྣེ་ཁྲིད་དེ། རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་བདེ་ཐང་དབུལ་སྐྱོར་དང་། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས། གྲོང་ཚོ་རིམ་པའི་གཞུང་བཙུགས་སྨན་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། 

ཡུལ་དངོས་ནས་རྫོང་དང་། ཡུལ་ཚོ། གྲོང་སྡེ་བཅས་རིམ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཐད་ལ་གཟིགས་ཞིབ་བྱས་ཤིང་། སྒྲིག་བཀོད་བཀོད་སྒྲིག་དང་། ཁ་གཏད་རོགས་སྐྱོར། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། བཞུགས་མོལ་ཚོགས་འདུའི་འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་གསན་རྗེས། ཀའོ་ཧྭ་ཡིས་བསྟན་དོན། མི་ཚང་མར་བདེ་ཐང་ཡོང་བར་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ལོ་ངོ་འདི་དག་གི་རིང་། རྫོང་གཉིས་ཀྱིས“ཁག་གཅིག་གསུམ”གྱི་ལས་སྒོའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་པ། སྨན་བཅོས་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་དབུལ་པོའི་ནད་ལ་ཡག་པོ་བལྟ་ཐུབ་པ་བཅས་ཀྱི་དམིགས་ཚད་དང་བར་ཐག་ཇེ་ཉེར་ཕྱིན་ཡོད་ཟེར།

ཀའོ་ཧྭ་ཡིས། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་རྒྱུ་དེ་ལས་དོན་གཙོ་བོར་བརྩིས་ནས་བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་དོན་འཁྱོལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་སྣང་ཚུལ་ཉུང་དུ་བཏང་སྟེ། མང་ཚོགས་དབུལ་པོ་དབུལ་སྒྲོལ་གྱི་ལམ་བུའི་ཐོག་རྗེས་ལུས་མི་ཐེབས་པ་བྱེད་དགོས་པ་དང་། ཁ་གཏད་རོགས་སྐྱོར་གྱི་ཐོན་ཁུངས་སྤུས་ལེགས་དེ་བེད་སྤྱོད་གང་ལེགས་བྱེད་པ་དང་། གཞི་རིམ་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་པ། རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱིས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། དྲིལ་སྒྲོག་སློབ་གསོའི་འགག་རྩ་དམ་པོར་བཟུང་སྟེ། སྙིང་རུས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བདེ་ཐང་གི་མཚོ་སྔོན་བསྐྲུན་རྒྱུར་འགན་ལེན་བརྟན་པོ་བྱེད་དགོས་པའི་སྐོར་ནས་ནན་བཤད་གནང་བ་རེད། 

ལོ་ཙཱ་བ། ཀླུ་མོ།