ཞིང་ཆེན་སྲིད་གཞུང་གིས《ལག་བསྟར་ཇུས་གཞི》བཏོན་པ།

— མ་ལག་ཆེན་པོ་བཞི་ཡིས་རང་ཞིང་གི་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཉེ་ཆར། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱིས་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཤིང་། ལོ3ནས5བར་གྱི་དུས་ཚོད་སྤྱད་དེ་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་གྱི་བརྗོད་བྱ་ཐོན་སྐྱེད་དང་། དྲ་རྒྱ་ཁྱབ་སྤེལ། བདེ་འཇགས་ལྟ་སྐུལ། སྣོད་བཅུད་ཞབས་ཞུ་སོགས་ཐད་མཐོར་འདེགས་ཆེན་པོ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་ལྷག་པའི་ཡིད་ཚིམ་དང་། སྔར་བས་ཕུན་སུམ་ཚོགས་པ། སྔར་བས་སྤུས་ལེགས་བཅས་ཀྱི་རླུང་འཕྲིན་བརྙན་འཕྲིན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 《ལག་བསྟར་ཇུས་གཞིའི》ནང་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་མ་ལག་ཆེན་པོ་བཞི་གཏོད་དགོས་ཞེས་བཏོན་ཡོད།

གཅིག་ནི་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་གྱི་ནང་དོན་ཐོན་སྐྱེད་མ་ལག་འཛུགས་དགོས་པ། འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་སྤྲིན་སྣོད་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྤྲིན་སྣོད་ལས་སྟེགས་ཀྱིས་རླུང་འཕྲིན་བརྙན་འཕྲིན་གྱི་ནང་དོན་དང་། ཁྱབ་སྤེལ། ལྟ་སྐུལ་དོ་དམ། འཁོར་སྐྱོད་ཁོར་ཡུག་དང་ལས་ཀའི་ཚིགས་རིམ་ཁག་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད། རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན། ཆ་འཕྲིན་མ་ལག་གི་སྤྱི་ཡོངས་བཀོད་སྒྲིག གཞི་གྲངས་ཐོན་ཁུངས་གཅིག་སྡུད་མཉམ་སྤྱོད། ལས་སྒོ་བཀོལ་སྤྱོད་ནུས་ལྡན་མཐུན་སྦྱོར་བཅས་ཡོང་བ་བྱས་ཏེ། ཞིང་ཆེན་དང་། གྲོང་ཁྱེར(ཁུལ)རིམ་པའི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་བཟོ་གཏོང་མ་ལག་དེ་གྲངས་འཛིན་ཅན་དང་དྲ་ཐོག་ཅན་ནས་མཉམ་འདྲེས་ཅན་དང་། བློ་རིག་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏང་དགོས་པ་བསྟན།

གཉིས་ནི་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་ཁྱབ་སྤེལ་མ་ལག་འཛུགས་དགོས་པ། སྐུད་མེད་དང་། སྐུད་ཡོད། སྲུང་སྐར། དྲ་རྒྱའི་ཐོན་ཁུངས་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། གཞི་གྲངས་ཆེན་པོ་དང་། སྤྲིན་སྣོད་རྩིས་རྒྱག 5G མིས་བཟོས་རིག་ནུས་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་པ། རླུང་འཕྲིན་བརྙན་འཕྲིན་གྱི་ཆ་འཕྲིན་དང་སྤྱོད་མཁན་གྱི་དགོས་མཁོའི་དབར་མཐུན་སྦྱོར་ངང་བགོ་རྒྱུར་སྐུལ་འདེད་གཏང་བ། རླུང་འཕྲིན་བརྙན་འཕྲིན་གྱི་ཕྱོགས་ཡོངས་དང་ལངས་གཟུགས་རྣམ་པའི་བརྒྱུད་གཏོང་ཁྱབ་རྒྱ་ཆེ་རུ་ནུས་ལྡན་གཏང་ཞིང་།རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏང་རྒྱུ་བཅས་རེད།

གསུམ་ནི་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་འཛུགས་དགོས་པ། བདེ་འཇགས་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏང་བ་དང་། ཁྱབ་སྤེལ་ལས་སྟེགས་དང་། ནང་དོན་བཟོ་གཏོང་། བརྒྱུད་སྐྱེལ་ཁེབས་རྒྱ་སོགས་མ་ལག་བདེ་འཇགས་འགོག་སྲུང་གཞི་གཅིག་ཏུ་འདུས་པའི་རླུང་འཕྲིན་དང་བརྙན་འཕྲིན་གྱི་བདེ་འཇགས་འགན་སྲུང་མ་ལག་འཛུགས་དགོས་པ་རེད། སྨྱན་སྦྱོར་གསར་པ་དང་། དྲ་སྦྲེལ་ལྟ་ཉན་ལེ་ཚན། ས་ངོས་གྲངས་འཛིན་བརྙན་འཕྲིན། གྲངས་འཛིན་སྒྲ་ཟློས་རླུང་འཕྲིན་སོགས་ཀྱི་ལས་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏང་རྒྱུ་བཅས་རེད།

བཞི་ནི་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་གྱི་ཕྱི་ནང་ཁོར་ཡུག་གི་ཞབས་ཞུའི་མ་ལག་་འཛུགས་དགོས་པ། འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་ཡོན་ལས་སྟེགས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་རིག་ནུས་ཞབས་ཞུའི་གཞི་གྲངས་ཆེ་མོའི་རྨང་གཞིའི་ལས་སྟེགས་བསྐྲུན་རྒྱུ་མགྱོགས་སུ་གཏང་བ་དང་། ཏང་སྲིད་ཀྱི་ཐབས་ཇུས་གནད་སྨིན་ཅན་གྱི་དོ་དམ་ཞབས་ཞུ་ཧུར་ཐག་སྤེལ་བ། རླུང་འཕྲིན་བརྙན་འཕྲིན་དང་སྲིད་དོན་དང་། ཚོང་དོན། སློབ་གསོ། སྨན་བཅོས། ཡུལ་སྐོར། དངུལ་རྩ། ཞིང་ལས། ཁོར་ཡུག་སྲུང་སྐྱོང་སོགས་འབྲེལ་ཡོད་ལས་རིགས་ཀྱི་ལས་སྒོའི་མཉམ་ལས་དང་། ལས་རྣམ་གསར་གཏོད། ཞབས་ཞུ་རིམ་སྤོར་བཅས་ལ་སྐུལ་འདེད་གཏང་བ་དང་། འཕྲུལ་ཤེས་ཁྱིམ་ཚང་གི་འཚོ་བ་བེད་སྤྱོད་ཀྱི་ལྟེ་བ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་མང་ཚོགས་ལ་འཕྲུལ་ཤེས་རླུང་འཕྲིན་བརྙན་འཕྲིན་གྱི་གྲངས་འཛིན་འཚོ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་བཅས་ཡིན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།