མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་ས་གདན་ཁེ་ལས་གཉིས་ཀྱིས2019ལོའི་བོད་ལུགས་ས་གདན་གསར་པ་འདོན་སྤེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཀྲུང་གོའི་བོད་ལུགས་ས་གདན་གྱི་རྒྱལ་ས་འཛུགས་སྐྲུན་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནས། འཛམ་གླིང་ལུག་བལ་གྱི་བོད་ལུགས་ས་གདན་གསར་བཟོའི་ལྟེ་གནས་གསར་འཛུགས་བྱ་ཆེད།ཟླ8ཚེས9ཉིན2019ལོའི་ཀྲུང་གོ་མཚོ་སྔོན་གྱི་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱི་གོ་སྐབས་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ས་ཁུལ་ལྷོ་རྒྱུད་བཟོ་ལས་གླིང་གི་བདག་དོམ་ཨུ་ཡོན་ལྷན་ཚོགས། ཀྲུང་གོའི་བོད་ལུགས་ས་གདན་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2019ལོའི་ཐོན་རྫས་གསར་བའི་ཁྱབ་སྤེལ་གྲོས་ཚོགས་དེ་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་སྤེལ། ཐོན་རྫས་གསར་བའི་ཁྱབ་སྤེལ་ལྷན་ཚོགས་རྩ་འཛུགས་གླིང་ཁུལ་གྱི་ཁེ་ལས། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི། བོད་ལུག་རྒྱལ་སྤྱིའི་ས་གདན་རྟེན་གཞིའི་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཟབ་ཞུགས་བྱས་ཡོད།

ཐོན་རྫས་གསར་བའི་ཁྱབ་སྤེལ་གྲོས་ཚོགས་སྟེང་དུ་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཐོག་མར་ཚང་མ་ལ་ཐོན་རྫས་གསར་བ་འཕྲུལ་ཆས་དང་ལག་ཤེས་ཟུང་འབྲེལ་གྱི་ཁྱིམ་སྤྱོད་ས་གདན་འགྲེམས་སྟོན་བྱས། ཐོན་རྫས་གསར་བ་དེའི་ཐོན་རྫས་ཀྱི100%ནི་ཞིན་ཞི་ལན་ནས་ནང་འདྲེན་བྱས་པའི་ལུག་བལ་ཡིན་པ་དང་དེ་མིན་དམིགས་གསལ་གྱི་རྒྱུ་ཆ་ལ་བརྟེན་ནས་ཡོངས་འགྲུབ་བྱས་ཡོད། ཨ་ཁུ་མན་སུ་ཐི་ས་གདན་དང་ལག་ཤེས་གཙག་དྲུབ་ས་གདན་བེད་སྤྱོད་བྱས་ཡོད། ས་གདན་དེ་གཉིས་ཀའི་ཁྱད་ཆོས་ཟུང་འབྲེལ་གྱིས་ས་གདན་གྱི་སྣ་མང་རང་བཞིན་དང་བརྩེགས་རིམ་ཚོར་ཤེས་མངོན་པར་མཚོན་འདུག དེའི་མི་ཚད་ད་རུང་དེང་རབས་ས་གདན་འཁེལ་འཐག་ལག་ཤེས་དང་ལག་ཤེས་བཟོ་རྩལ་གྱི་སྲོལ་རྒྱུན་རྩལ་ནུས་སྒྱུ་རྩལ་ཕན་ཚུན་མཉམ་བསྲེས་བྱས་ཏེ། ས་གདན་གྱི་རྩེག་རིམ་དེ་སྔར་ལས་ཕུན་སུམ་ཚོགས་པ་དང་སྒྲིག་གཞི་སྔར་ལས་སྣ་མང་ཅན་བཅས་ཀྱིས་སྒྱུ་རྩལ་གྱི་ཁྱད་ཆོས་དང་སྒེར་གཤིས་ཀྱི་དགོས་མཁོ་མངོན་པར་མཚོན་ནས་རིག་གནས་ཀྱི་བྲོ་བ་གཞན་ཞིག་མངོན་དུ་བཅུག་འདུག

དེར་མཐུད་བོད་ལུག་རྒྱལ་སྤྱིའི་ས་གདན་རྟེན་གཞིའི་མ་རྐང་ཚད་ཡོད་ཀུང་ཟིས་ཀྱང་ཐོན་རྫས་གསར་བ་འགྲེམས་སྟོན་བྱས། རྒྱལ་ནང་གི་ཆེས་སྔོན་ཐོན་ཡིན་པའི་ཨ་རི་ནས་ནང་འདྲེན་བྱས་པའི་འཁེལ་འཐག་ལག་རྩལ་སྤྱད་དེ། སྲོལ་རྒྱུན་གྱི་འཁེལ་འཐག་ལག་རྩལ་གྱི་ཁ་དོག་གི་ཚད་བཀག་དང་སྐུད་པའི་ཕྲ་སྦོམ་གྱི་ཚད་བཀག་བཅས་ཡོངས་སུ་གཏོར་ནས་ཚོན་མདོག་གི་སྡེབ་སྟབས་དེ་སྔར་ལས་གསོན་ཉམས་དང་འབུར་ཐོན་ཅན་ཏུ་བཟོས་འདུག འདི་ལྟ་བུའི་རིགས་ཀྱི་ས་གདན་ཐོན་སྐྱེད་ཀྱི་ཕན་འབྲས་ཅུང་མཐོ་ལ་སྟུག་ཚད་ཀྱི་བདམ་གསེས་ལ་སྣ་མང་རྣམ་དཔྱོད་ཅན། ཁ་དོག་ཕུན་སུམ་ཚོགས་པས་རིགས་མི་འདྲ་བ12ལྷག་བདམས་ཡོད་པས་ཁྱིམ་ཚང་གི་བེད་སྤྱོད་ལ་ཧ་ཅང་ཕན་ངེས། དེ་དང་ཆབས་ཅིག་ས་གདན་གྱིས་མེ་ཏོག་དང་རྟ་རྨིག པདྨ་སོགས་གཙོ་བོར་བཟུང་སྟེ་ཇུས་འགོད་ཀྱི་འདུ་ཤེས་ལྟར་འདྲ་རིས་ཇུས་འགོད་ཁྱད་དུ་འཕགས་པ་དང་ཚོན་མདངས་གསལ་ལ་འོད་འཚེར་བ། མཛེས་དཔྱོད་ཀྱི་ཆ་ཕུན་སུམ་ཚོགས་པ་བཅས་ཀྱིས་སྒྱུ་རྩལ་གྱི་གོ་རིམ་མི་འདྲ་བ་ཞིག་མངོན་པར་མཚོན་འདུག

ད་ལྟ་མཚོ་སྔོན་ས་གདན་ལ་རྒྱལ་ཁབ་དང་ས་ཁུལ་གྱི་ངོས་ལེན་ཐོབ་ཚད་སྔར་ལས་ཇེ་ཆེར་འགྲོ་བ་དང་བསྟུན་ནས་གླིང་ཁུལ་ཁེ་ལས་ཀྱིས་མུ་མཐུད་དུ་ལག་རྩལ་གསར་གཏོད་ལས་སྲོལ་རྒྱུན་གྱི་གསར་བཟོ་དེ་རིམ་འགྱུར་དང་རིམ་འཕར་ཅན་དུ་བཏང་ནས་རྒྱལ་སྤྱི་ཅན་གྱི་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།