རང་ཞིང་གིས་མེ་སྐྱོན་འབྱུང་ཉེན་ཅན་གྱི་ལས་ཁུངས་བརྒྱད་ཐེར་འདོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། སྤྱི་ཚོགས་ལས་ཁུངས་དག་གི་མེ་སྐྱོན་འགལ་རྐྱེན་ལ་རྩད་གཅོད་ནན་མོ་བྱེད་པར་སྐུལ་འདེད་བྱེད་པ་དང་མེ་གསོད་བདེ་འཇགས་བྱ་བ་དེ་ལེགས་པོར་བསྒྲུབ་ཆེད། ཉེ་ལམ་ཞིང་ཆེན་མེ་གསོད་མྱུར་སྐྱོབས་སྤྱི་ཁྱབ་རུ་ཁག་གིས་ཆེད་དོན་འགུལ་སྐྱོད་བྱ་བ་སྒྲུབ་པའི་སྐབས་སུ་མེ་སྐྱོན་ཐད་འགལ་རྐྱེན་ཡོད་པའི་ལས་ཁུངས་མི་འདྲ་བ་བརྒྱད་ཐེར་འདོན་བྱས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཐེར་འདོན་བྱས་པའི་མེ་སྐྱོན་འབྱུང་ཉེན་ཡོད་པའི་ལས་ཁུངས་དེ་དག་སོ་སོ་ནི། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དམངས་གཉེར་ཉོ་འཚོང་ལྷན་ཚོགས་ཀྱི་ཚོང་འདུས་གཞིས་སྡོད་ཐོག་ཁང་ཆེན་མོ། ཚོང་འདུས་གཞིས་སྡོད་ཐོག་ཁང་དེས་རང་སྣང་གང་ཤར་གྱིས་ཐོག་མའི་བཟོ་སྐྲུན་སྒྲིག་གཞི་ལ་བཅོས་སྒྲིག་བྱས་ཤིང་། ཁྱབ་ཁོངས་མང་པོ་ཞིག་གི་མེ་སྐྱོན་སྔོན་འགོག་ས་ཁུལ་དང་མི་འགྲོ་སྐྱོད་བྱེད་པའི་རྒྱུ་ལམ་དེ་སྒྲིག་སྲོལ་གྱི་རེ་འདུན་དང་མི་མཐུན་པ། ཚོང་ར་དེའི་ཤར་རྒྱུད་ཀྱི་རྒྱུ་ལམ་ཐེམ་སྐས་དེ་ཐད་ཀར་དུ་ཐོག་སོ་དང་པོར་སླེབས་མི་ཐུབ། ཚོང་ལས་ཀྱི་དུ་བ་ཕྱིར་འདོན་མ་ལག་དང་མེ་གསོད་ཚོད་འཛིན་མ་ལག་དེ་རྒྱུན་ལྡན་གྱིས་འབྲེལ་མཐུད་དཀའ་བ། ཐོག་ཁང་གི་རྩེ་མོ་དང་གཞིས་སྡོད་ཁུལ་གྱི་མེ་སྐྱོན་སྔོན་འགོག་ལ་བར་སྟོང་ངེས་ཅན་ཞིག་མེད་པ། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་རྫོང་གི་ཞིན་ཧི་ཝན་ཧྭ་ལེན་ཕྱོགས་བསྡུས་ཉོ་འཚོང་ཚད་ཡོད་ཀུང་ཟི། ཀུང་ཟི་གང་དེའི་སྒོ་གཏན་ཡོ་བྱད་དང་རིམ་མཐུད་ཡོ་བྱད་ལ་ཆད་ལྷག་ཡོད་པ། མེ་གསོད་ཆུ་སྒོའི་སྒྲིག་འཇུག་གནོན་ཤུགས་རེའུ་མིག་ལ་ཆག་སྐྱོན་ཐེབས་པ། མེ་གསོད་སྐབས་བསྟུན་འོད་གསལ་གློག་སྒྲོན། རྒྱུ་ལམ་གསལ་སྟོན་མཚོན་རྟགས་སྒྲིག་ཆས་སོགས་བླང་བྱ་དང་མི་མཐུན་པ། ལས་ཁུངས་དེའི་བདག་དོམ་མི་སྣ་ལ་མེ་གསོད་བདེ་འཇགས་ཀྱི་འདུ་ཤེས་ཞན་པ། མེ་གསོད་བདེ་འཇགས་བདག་དོམ་ལྷོད་གཡེང་ཡིན་པ། ཡུལ་ཤུལ་གྲོང་ཁྱེར་གྱི་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭ། སློབ་གྲྭ་དེའི་མེ་གསོད་ཚོད་འཛིན་ཁང་བའི་ནང་དུ་ལས་རེས་པ་མེད་པ་དང་མེ་གསོད་འཕྲུལ་ཆས་གཙོ་བོར་འགལ་རྐྱེན་གྱི་གནད་མི་འདྲ་བ35ཡོད་པ། སློབ་ཁྲིད་ཐོག་ཁང་གི་ནང་དུ་རྒྱུ་ལམ་གསལ་སྟོན་མཚོན་རྟགས་སྒྲིག་འཇུག་བྱས་མེད་པ། སློབ་ཁྲིད་ཐོག་ཁང་གི་འབུད་སྒོ་རུ་བདེ་འཇགས་འབུད་སྒོ་ཞེས་པའི་མཚོན་རྟགས་དེའི་ནང་དུ་གློག་མི་རྒྱུ་བ། སློབ་ཁྲིད་ཐོག་ཁང་དང་མལ་ཁང་ནང་དུ་དུ་བ་ཚད་ལེན་ཡོ་བྱད་སྒྲིག་གཞི་བྱས་མེད་པ། མལ་ཁང་ཐོག་སོའི་ནང་གི་མེ་གསོད་སྒམ་ཆུང་དང་མེ་གསོད་ཡོ་ཆས་སྣ་ཚོགས་སྒྲིག་འཇུག་བྱེད་ས་དེ་བཀག་སྡོམ་བྱས་ཡོད་པ། མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་དབྱིན་ཐའེ་ཚོང་དོན་གསོལ་མགྲོན་ཁང་། གསོལ་མགྲོན་ཁང་དེར་བཀག་སྡོམ་རང་བཞིན་གྱི་ཐེམ་སྐས་བར་སྟོང་མེད་པ། ཁང་བའི་ཕྱི་རོལ་གྱི་རྒྱུ་ལམ་ཐེམ་སྐས་ནི་འབར་རྒྱུའི་རྒྱུ་ཆ་ལ་བརྟེན་ནས་སྒྲིག་བཟོ་བྱས་འདུག ན་གོར་མོ་རའེ་ཁྲང་ཏ་རླངས་འཁོར་ཕྱིར་འཚོང་ཚད་ཡོད་ཀུང་ཟི། ཀུང་ཟི་དེས་ཁང་བའི་ནང་དུ་མེ་གསོད་སྒྲིག་ཆས་མ་ལག་གི་འདྲེན་སྤུགས་ནང་དུ་ཆུ་མེད་པ། ལས་བཟོ་པའི་མལ་ཁང་ཐོག་སོའི་ཐོག་སོ་གཉིས་པའི་ཕྱི་རོལ་གྱི་ཐེམ་སྐམ་སྟེང་དུ་དངོས་པོ་ཙག་ཙིག་མང་པོ་སྤུངས་ཡོད་པ། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་གཟི་ཚ་སྡེ་དགུ་ཚོང་དོན་མགྲོན་ཁང་། མགྲོན་ཁང་དེའི་ས་འོག་ཁང་བ་ནི་ཚོན་ལྡན་ལྕགས་བཙིར་གྱིས་བཟོས་ཡོད་ལ། དེའི་མི་ཚད་ནང་གི་འབར་རྒྱུའི་བྱེད་ནུས་དེAརིམ་པ་ལས་ཀྱང་དམའ། རྒྱུ་ལམ་ཐེམ་སྐས་དང་བདེ་འཇགས་རྒྱུ་ལམ་སོགས་ཚང་མ་བླང་བྱའི་དགོས་མཁོ་དང་མི་མཐུན་པ་རེད། རྨ་ལྷོ་ཁུལ་རེབ་གོང་རྫོང་གི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པ། སློབ་གྲྭ་དེས་མེ་སྐྱོན་རང་འགུལ་ཉེན་བརྡའི་མ་ལག་གི་ཚོད་འཛིན་སྒྲིག་གཞི་ལ་འགལ་རྐྱེན་བྱུང་བ་དང་མེ་སྐྱོན་སྔོན་འགོག་སྒོ་དང་སྐབས་བསྟུན་གསལ་སྟོན་མཚོན་རྟགས་ལ་གནོད་སྐྱོན་ཐེབས་འདུག མེ་སྐྱོན་རྩད་ཞིབ་ཟིན་འགོད་བྱས་པ་འཐུས་ཚང་མིན་པ། ཡུལ་དངོས་གསབ་སྦྱོང་གི་ཡིག་ཚགས་ལ་ཆད་ལྷག་ཡོད་པ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཡེས་ཅ་ཡོན་ཕྱོགས་བསྡུས་ཞིང་ལས་ཉོ་འཚོང་ཁྲོམ་ར། ཉོ་འཚོང་ཁྲོམ་ར་དེའི་ཚོང་བ་དག་གིས་གློག་སྐུད་གང་འདོད་དུ་གང་སར་འཐེན་པ་དང་གློག་སྐུད་འཐེན་སའི་གནས་སོགས་ཀྱི་མེ་གསོད་བདེ་འཇགས་སྒྲིག་སྲོལ་དང་མི་མཐུན་པ། ཁྲོམ་རའི་ནང་ཁུལ་གྱི་མེ་གསོད་བདེ་འཇགས་ཡོ་བྱད་ཀྱི་རྒྱུ་ཆའི་ཁ་གྲངས་ཀྱིས་ཀྱང་མི་འདང་བ་བཅས་སོ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།