མཚོ་སྔོན་གྱིས“ཉེར་མཁོའི་འཇོན་མི་དཀོན་པོའི་དཀར་ཆག”ཁྱབ་སྒྲོག་བྱས་པ།

ཟླ8ཚེས9ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་ཆེད་དང་། འཇོན་མི་མཁོ་སྤྲོད་ཕྱོགས་ལ་བཅོས་སྒྱུར་གཏིང་ཟབ་བྱ་ཆེད་དུ། ཐིང་དེས་ལས་རིགས་གཙོ་གྲས་ཁག་ཏུ་རྟོག་ཞིབ་མཐིལ་ལོན་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་ཉེར་མཁོའི་འཇོན་མི་དཀོན་པོའི་དཀར་ཆག》རྩོམ་སྒྲིག་མཛད། དཀར་ཆག་ནང་དུ་མི་བཀོལ་ལས་ཁུངས361ཡིས་མཁོ་ངེས་ཀྱི་འཇོན་མི་ཁྱོན་སྡོམ3740གོང་ཞུ་བརྒྱབ་ཡོད་པ་རེད།

ཤེས་གསལ་ལྟར་ན། ད་ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། ལས་རིགས་ཚན་པ། ཞིང་ཆེན་ཐད་གཏོགས་ཁེ་ལས་དང་དོན་ལས་སྡེ་ཚན་ཁག་ལ་ཁ་ཕྱོགས་ནས་སྣོད་བཅུད་སྲུང་སྐྱོབ་དང་། ཁྱད་ལྡན་ཞིང་ཕྱུགས་ལས། སློབ་གསོ། ཚན་རྩལ། སྨན་བཅོས་འཕྲོད་བསྟེན་ལ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཉེ་བའི་ལོ་གསུམ(2019ལོ—2021ལོ)རིང་གི་རིམ་པ་མཐོ་ཤོས་ཀྱི་དོ་དམ་འཇོན་མི་དང་། རིམ་པ་མཐོ་ཤོས་ཀྱི་ཆེད་ལས་ལག་རྩལ་པ་དང་ལག་རྩལ་མཐོ་ཤོས་ཀྱི་འཇོན་མིའི་དགོས་མཁོའི་གནས་ཚུལ་སྐོར་ལ་ཆེད་དུ་རྟོག་ཞིབ་མཐིལ་རྟོགས་བྱས།

དཀར་ཆག་གི་གཞི་གྲངས་ནང་དུ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ8དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས48། ཞིང་ཆེན་ཐད་གཏོགས་ཁེ་ལས་དང་དོན་ལས་སྡེ་ཚན7འདུས་ཤིང་། འཇོན་མི་དཀོན་པོའི་གཞི་གྲངས་དབྱེ་ཞིབ་ལས་དགོས་མཁོ་ཆེ་བའི་ས་ཁོངས་ཀྱི་ཆ་ནས་བལྟས་ན། ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་འཇོན་མི་དགོས་མཁོ་ཧ་ཅང་ཆེ་བ་སྟེ་འཇོན་མི2818དགོས་ཀྱི་ཡོད་པ་རེད། ལས་རིགས་ཁྱབ་ཁོངས་ནས་བལྟས་ན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཇོན་མི་དགོས་མཁོ་ཤིན་ཏུ་ཆེ་སྟེ། སྨན་བཅོས་འཕྲོད་བསྟེན་ཐད་འཇོན་མི2447དང་། སློབ་གསོའི་མངའ་ཁོངས་སུ་འཇོན་མི707དགོས་ཀྱི་འདུག ལས་ཁུངས་ཀྱི་རིགས་དབྱེ་ནས་བལྟས་ན། དོན་ལས་སྡེ་ཚན་དུ་འཇོན་མི3399མཁོ་བ་དང་། སྒེར་གཉེར་ཁེ་ལས་ལ་འཇོན་མི191 ། རྒྱལ་དབང་ཁེ་ལས་སུ་འཇོན་མི129། ཏང་སྲིད་ལས་ཁུངས་སུ་འཇོན་མི21བཅས་དགོས་པ་རེད། ཡོན་གནས་ཀྱི་དགོས་མཁོ་ཆ་ནས་བལྟས་ན། དངོས་གཞི་རིམ་པའི་འཇོན་མིའི་དགོས་མཁོ་ཧ་ཅང་ཆེ་སྟེ། དངོས་གཞི་བ2634ཡིན་པ་དང་། རབ་འབྱམས་པ515། འབུམ་རམས་པ386། ཆེད་ཚན་པ149བཅས་དགོས་ཀྱི་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཧོང་ཀྲན་གྱིས་འདི་སྐད། དཀར་ཆག་བསྒྲིགས་དོན་ནི་འཇོན་མི་མཁོ་འདོན་ཕྱོགས་གཉིས་ཀྱི་འབྲེལ་སྦྱོར་ལ་ཤུགས་སྣོན་དང་། འཇོན་མི་ནང་འགུག་དང་གསོ་སྐྱོང་གི་དམིགས་གཏད་རང་བཞིན་དང་གནད་འཁེལ་རང་བཞིན་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་ཤིག་ཡིན་པ་མ་ཟད། འཇོན་མི་དོ་དམ་ཞབས་ཕྱི་ལེགས་སྒྱུར་ཐུབ་པའི་བྱེད་ཐབས་གོ་ཆོད་ཅིག་ཀྱང་ཡིན་པས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་བསླབ་ཚན་དང་ཆེད་ལས་སྙོམས་སྒྲིག་དང་ཇུས་སྒྲིག་བྱ་བར་དཔྱད་གཞིའི་དོན་སྙིང་ངེས་ཅན་ལྡན་ཟེར།

ཁོན་ཐར་འཚོས་བསྒྱུར།