ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་སྙན་ཞུའི་སྤུས་ཚད་གདེང་འཇོག་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས31ཉིན་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ལྷན་གྱིས་བརྟག་ཞིབ་སྙན་ཞུའི་སྤུས་ཚད་གདེང་འཇོག་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཚོགས་འདུ་སྒྲིག་འཛུགས་བྱས་ནས། ཞིང་ཆེན་ཏང་ཨུ་ལ་སྙན་སེང་ཞུ་རྩིས་ཡོད་པའི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་གནས་ཚུལ་སྙན་ཞུར་སྤུས་ཚད་གདེང་འཇོག་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྲིད་ཞུགས་སྲིད་གླེང་ཆེད་མཁས་མཛོད་ཁོངས་ཀྱི་ཁོངས་མི9ཡིས་སྙན་སྒྲོན་ལ་དམིགས་ནས་གྲོས་བསྡུར་བྱས་ཏེ། བསམ་འཆར་དང་གྲོས་འགོ་བཏོན་པ་དང་འབྲེལ་སྐར་མ་ཡང་བརྒྱབ་པ་རེད། ཚང་མས་ངོས་འཛིན་བྱས་དོན། བརྟག་དཔྱད་ཞིབ་འཇུག་སྙན་ཞུའི་སྤུས་ཚད་གདེང་འཇོག་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ནི་ཞིང་ཆེན་སྲིད་གྲོས་ཀྱི་གསར་གཏོད་འགན་སྒྲུབ་ལས་དོན་ཞིག་ཡིན་ཞིང་། སྙན་ཞུའི་ནང་དོན་གནད་ལ་འཁེལ་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆ་དང་གནད་དོན་ལ་དམིགས་ནས་བརྟག་ཞིབ་ཏན་ཏིག་དང་། འཐུས་སྒོ་ཚང་བ། གནད་དོན་ལ་དབྱེ་ཞིབ་ཁ་གསལ་བཅས་བྱས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལག་ལེན་དུ་འཁྱོལ་ཐུབ་ངེས་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད་པ་བསྟན།

མ་ཧའེ་དབྱིང་གིས་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་བླང་བྱ་གཞིར་བཟུང་། ཞིང་ཆེན་སྲིད་གྲོས་ཀྱིས་ཐེངས་དང་པོར་ཆེད་མཁས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ། རྟོག་ཞིབ་སྙན་ཞུའི་གདེང་འཇོག་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཚོགས་འདུ་འཚོགས་ཤིང་། དེ་ནི་ཞིང་ཆེན་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཇེ་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། “འཐབ་ས་དང་པོ་བཞིའི”བླང་བྱ་མཐའ་འཁྱོངས། ཕན་འབྲས་ཆེ་རུ་བཅས་བཏང་ནས་ལོ་གསུམ་གྱི་ལས་སྒོའི་འཆར་གཞི་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིང་།”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།