མཚོ་སྔོན་པོ་སྲུང་སྐྱོབ་བྱེད་ན། ང་ནི་དང་བླངས་པ་ཡིན་ཞེས་པའི་བྱ་འགུལ་འགོ་བརྩམས་ཤིང་། ཝང་ཅིན་ཅུན་དང་ལིག་ཉིང་གཉིས་ནས་ལས་ཀའི་ཐད་བླང་བྱ་བཏོན།

ཟླ8ཚེས10ཉིན། མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་ངོགས་སུ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གཉིས་ཀྱིས་སྣེ་འཁྲིད་པའི“མཚོ་སྔོན་པོ་སྲུང་སྐྱོབ་བྱེད་ན། ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅིན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་གཉིས་ནས་ལས་ཀའི་ཐད་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་ཏང་ཨུའི་དྲུང་ཆེ་ཡུས་ཀྲུང་ལེ་ཡིས་གཏམ་བཤད་པ་མ་ཟད། དང་བླངས་པའི་འཐུས་ཚབ་ལ་དར་ཆ་བསྒྲོན། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེང་གིས“མཚོ་སྔོན་པོ་སྲུང་སྐྱོབ་བྱེད་ན། ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་འགུལ་དངོས་མགོ་རྩོམ་པ་ཁྱབ་བསྒྲགས་བྱས།

ཝང་ཅིན་ཅུན་གྱིས་འདི་སྐད། མཚོ་སྔོན་པོ་སྲུང་སྐྱོང་བྱེད་ན། ང་ནི་དང་བླངས་པ་ཡིན་ཞེས་པའི་བྱ་འགུལ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་བསམ་བློར་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་རྒྱས་ཡོང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པ་བཅས་ཀྱི་ཐད་ལ་ནང་དོན་གལ་ཆེན་ཡོད་པ་མ་ཟད། དང་བླངས་པའི“སྐྱེས་འབུལ་དང་། མཛའ་མཐུན། རོགས་རེས། ཡར་ཐོན”གྱི་སྙིང་སྟོབས་དར་སྤེལ་བྱེད་པའི་ལས་གལ་ཆེན་ཞིག་ཀྱང་ཡིན་པས། བྱ་འགུལ་དུ་ཞུགས་མཁན་རྒྱ་ཆེའི་དང་བླངས་པ་རྣམས་ཀྱིས་རང་བྱུང་ལ་བརྩི་འཇོག་དང་བསྟུན་ཤེས། གཅེས་སྲུང་གི་བརྩེ་བ་ཆེན་པོ་བཅིངས་ནས་སྣོད་བཅུད་སྔོན་སྤེལ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་པོ་ལ་ལྷིང་འཇགས་དང་། འཆམ་མཐུན། མཛེས་སྡུག་གི་ཁོར་ཡུག་ཅིག་ཡང་དུ་བསྐྲུན་ནས་སྣོད་བཅུད་དཔལ་ཡོན་གྱི་མེ་ཏོག་མཚོ་སྔོན་པོའི་འགྲམ་དུ་རྣམ་པར་བཞད་ཅིང་། དང་བླངས་པའི་བྱ་འགུལ་དེ་མཚོ་སྔོན་པོའི་འགྲམ་དུ་མཛེས་པའི་ཡུལ་ལྗོངས་ཤིག་ཏུ་འགྱུར་ཐུབ་པར་རེ་བ་ཡོད་ཟེར།

ལིག་ཉིང་གིས“མཚོ་སྔོན་པོ་སྲུང་སྐྱོང་བྱེད་ན། ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་འགུལ་ནི་སྣོད་བཅུད་ཁོར་སྲུང་གི་ལས་འདི་ལ་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱིས་དང་དུ་བླངས་ནས་ལག་བསྟར་བྱེད་པ་ལ་སྐུལ་འདེད་དང་། མཚོ་སྔོན་པོའི་སྣོད་བཅུད་ཁོར་སྲུང་གི་ཁྲོད་དུ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་ཞུགས་ལ་སྐུལ་སློང་བྱེད་པར་སྙིང་བོ་གལ་ཆེན་ལྡན། དེ་བས་རྒྱ་ཆེའི་དང་བླངས་པ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ཏེ། དང་བླངས་པའི་སྙིང་སྟོབས་དར་སྤེལ་གང་ལེགས་དང་། སྣོད་བཅུད་སྲུང་སྐྱོང་ལ་བརྩེ་གཅིག་ཏུ་གཞོལ་ནས་ལྗང་མདོག་ལྷད་མེད་ཀྱི་བསམ་བློ་བརྒྱུད་སྒྲོག་བྱ་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་སྔར་ལས་མང་པོ་མཚོ་སྔོན་པོ་སྲུང་སྐྱོང་དང་། སྣོད་བཅུད་ཁོར་སྲུང་གི་གྲལ་དུ་ཞུགས་པར་སྣེ་འཁྲིད་དེ། མཉམ་དུ་མཚོ་སྔོན་པོའི་དྭངས་ཤིང་གཙང་ལ་གསལ་བའི་མཐོ་སྒང་གི“རིན་པོ་ཆེ”འདི་ལ་གཅེས་སྲུང་ཡག་པོ་བྱས་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་ལེའུ་གསར་པ་ཞིག་མཉམ་བཞེངས་ཐུབ་པར་རེ་བ་ཡོད་ཟེར།

ཡུས་ཀྲོང་ལེ་ཡིས་གཏམ་བཤད་ཁྲོད། “མཚོ་སྔོན་པོ་སྲུང་སྐྱོང་བྱེད་ན། ང་ནི་དང་བླངས་པ་ཡིན”ཞེས་པའི་བྱ་འགུལ་གྱིས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྙིང་བོར་བཟུང་སྟེ། ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་དང་མང་ཚོགས་བར་ལ་མཉམ་གྲོས་མཉམ་བསྐྲུན་གྱི“ལྗང་མདོག་གི་འབྲེལ་ཟམ”བཙུགས་ཏེ། མཉམ་བཅོས་མཉམ་སྤྱོད་ཀྱི“བློ་གཅིག་ཀུན་མཐུན”གྱི་རྣམ་པར་ཆགས་སུ་བཅུག་ནས་རི་ཆུ་སྔོ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་སྣོད་བཅུད་དཔལ་ཡོན་གྱི་ལེའུ་གསར་པ་བརྩམ་དགོས། རྒྱ་ཆེའི་དང་བླངས་པ་དང་དང་བླངས་ཞབས་ཕྱི་ཚོགས་པ། དང་བླངས་ཞབས་ཕྱི་པ་ནི་ཐེངས་འདིའི་བྱེད་སྒོ་ལག་བསྟར་བྱེད་མཁན་གཙོ་བོ་ཡིན་པས། དང་བླངས་ཞབས་ཕྱིའི་ནང་དོན་གསར་པ་ཁ་སྣོན་དང་དང་བླངས་ཞབས་ཕྱིའི་གྲགས་རྟགས་གསར་པ་ཧུར་ཐག་གིས་བཟོས་ཏེ། མཉམ་གཅིག་ཏུ་མཛེས་པའི་ཀྲུང་གོའི་སྣོད་བཅུད་ཁོར་སྲུང་ལས་མཚོ་སྔོན་གྱི་གཏམ་རྒྱུད་སྙན་མོ་བརྗོད་ནས“ཆེ་བ། མཛེས་པ། གཙང་བ། ལེགས་པ”དེ་མཚོ་སྔོན་པོའི་དུས་གཏན་གྱི་མིང་བྱང་དུ་འགྱུར་ཐུབ་པ་ཞིག་བྱ་དགོས་ཟེར།

མཛད་སྒོའི་ཐོག སྒྲུབ་འགན་ལས་ཁུངས་ཀྱི་འཐུས་མིས་གཏམ་བཤད་པ་དང་། དང་བླངས་པའི་ཚབ་བྱེད་མི་སྣས“མཚོ་སྔོན་པོ་སྲུང་སྐྱོང་བྱེད་ན། ང་ནི་དང་བླངས་པ་ཡིན”པའི་བྱ་འགུལ་གྱི་གྲོས་འདོན་ཡི་གེ་སྒྲོག་འདོན་བྱས། གོང་གཞོན་ཚོགས་པའི་ཞིང་ཆེན་ཏང་ཨུའི་དང་བླངས་རུ་ཁག་དང་། “སྔོ་ཐིང་ཐིང”དང་བླངས་རུ་ཁག ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དང་བླངས་རུ་ཁག ཞིང་ཆེན་སྣོད་བཅུད་ཁོར་སྲུང་ཐིང་གི་དང་བླངས་རུ་ཁག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དང་བླངས་རུ་ཁག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དང་བླངས་རུ་ཁག ཡུལ་སྐོར་ལས་དོན་ཁང་གི་འཐུས་མི། མཚོ་ཆུང་ནོར་བོའི་ལྗོངས་ཁུལ་གྱི་ལས་བྱེད་པ་བཅས་མི1200ལྷག་ཉིན་དེའི་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོ་འདི་ཟླ8ཚེས10ཉིན་ནས14ཉིན་བར་སྤེལ་རྒྱུ་ཡིན་པ་རེད།

ཁོན་ཐར་འཚོས་སྒྱུར།