མདོ་ལ་རྫོང་གི་ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། མཚོ་བྱང་ཁུལ་མདོ་ལ་རྫོང་གིས་ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་འཛུགས་སྐྲུན་དེ་གཞི་རིམ་དམངས་གཙོའི་བཅའ་ཁྲིམས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བྱེད་ཐབས་ནུས་ལྡན་ལག་བསྟར་བྱ་ཆེད། དོན་དངོས་བྱ་བའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་བྱ་བའི་ཞིབ་ཚགས་ཀྱི་བྱེད་ཐབས། བྱ་བའི་འགན་འཁྲིའི་གནོན་ཤུགས་དོན་དངོས་བཅས་ཀྱིས་ལྟ་སྐུལ་ཞིབ་བཤེར་མཛུབ་སྟོན་ལ་ཤུགས་སྣོན་གྱིས་སྒྲུབ་འོས་པའི་དོན་དག་དང་སྒྲུབ་ཐུབ་པའི་དོན་དག་ནས་འགོ་བརྩམས་སྟེ། གཙོ་གནད་དམ་འཛིན་དང་ཉམ་ཞན་གྱི་ཆ་ལ་ཤུགས་སྣོན་བྱེད་པ། ཆད་ལྷག་ཁ་སྐོང་བྱེད་པ་བཅས་ཀྱི་ཤང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་བྱ་འགུལ་དེ་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ཡོད།

མདོ་ལ་རྫོང་གི་ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་འཛུགས་སྐྲུན་བྱ་འགུལ་ལ་དངོས་ཡོད་ཀྱི་ཕན་འབྲས་ལེགས་པོ་བླངས་ཤིང་། རྫོང་དང་ཤང་གི་རིམ་པ་གཉིས་ཀྱི“ཤང་དང་གྲོང་རྡལ་འཛུགས་སྐྲུན་ལོ་འཁོར”གྱི་བྱ་འགུལ་འགོ་ཁྲིད་ཚན་ཆུང་གསར་འཛུགས་བྱས་ཏེ། “ཤང་དང་གྲོང་རྡལ་འཛུགས་སྐྲུན་ལོ་འཁོར”གྱི་བྱ་འགུལ་ཇུས་གཞི་གཏན་ཁེལ་ལག་བསྟར་གྱིས་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ནས་བྱ་བའི་བྱེད་ཐབས་ཞིབ་ཚགས་ཅན་དང་འགན་འཁྲི་ལག་བསྟར་དངོས་འབེབས་བྱས། དེར་མ་ཟད་སྔ་གཞུག་ཏུ་ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་འཛུགས་སྐྲུན་གྱི་སྐུལ་འདེད་གྲོས་ཚོགས་དང་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། དུས་ལྟར་ཤང་དང་གྲོང་རྡལ་གྱི་བྱ་བའི་འཕེལ་རིམ་དང་བསམ་བློ་བརྗེ་རེས་བྱེད་པའི་ཉམས་མྱོང་། འགན་འཁྲིའི་ལག་བསྟར་དངོས་འབེབས་ཅན་ལ་ཤུགས་སྣོན་བཅས་ཀྱིས་འགོ་ཁྲིད་ཀྱི་བྱ་བའི་སྐུལ་འདེད་ལ་བྱེད་ནུས་ངེས་ཅན་ཞིག་ལག་བསྟར་བྱས་ཡོད།

2018ལོར《ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་མཛུབ་སྟོན་བསམ་འཆར་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱེད་པ》ཞེས་པ་དེ་པར་སྐྲུན་འགྲེམས་སྤེལ་བྱ་བའི་རྨང་གཞིའི་སྟེང་། མདོ་ལ་རྫོང་གིས་ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་ཏེ། ཤང་དང་གྲོང་རྡལ་སོ་སོའི་དམངས་ཆེན་དག་གིས་ཧ་ཅང་གཟབ་ནན་སྒོས་ཁྲིམས་ལྟར་ལོ་གཅིག་གི་ནང་དུ་ཐེངས་གཉིས་ལ་ཤང་དང་གྲོང་རྡལ་གྱི་འཐུས་ཚབ་ལྷན་ཚོགས་དང་དུས་ཚིགས་གཅིག་གི་ཀྲུའུ་ཞིའི་ལྷན་ཚོགས་བསྡུས་ནས། གྲོས་ཚོགས་ཀྱི་དུས་ཚོད་དེ་གཏན་ཁེལ་དང་མཐུན་ལ། གྲོས་ཚོགས་ཀྱི་བརྗོད་དོན་གནས་ལུགས་དང་མཐུན་པ། གྲོས་ཚོགས་ཀྱི་འགྲོ་རིམ་འཐུས་ཚང་ཅན། བརྒྱུད་རིམ་ཁྲིམས་མཐུན་ཅན། གྲོས་ཚོགས་སྒྲིག་སྲོལ་ཅན་བཅས་སུ་བཏང་ཡོད། ཏང་ཨུ་བྱ་བའི་སྲོག་ཤིང་དུ་བཟུང་སྟེ་སྲིད་གཞུང་གི་བྱ་བ་གཙོ་བོ་དང་མང་ཚོགས་ཀྱི་དོ་ཁུར་བྱེད་སའི་བྱ་བ་དེ་གཞིར་བཟུང་ནས་ཤང་དང་གྲོང་རྡལ་གྱིས་དུས་ལྟར་རྩད་གཅོད་རྟོག་ཞིབ་དང་གཟིགས་སྐོར། ཞིབ་བཤེར། དཔྱད་འཇོག་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། དམངས་ཆེན་འཐུས་མིའི་ཁྲིམས་མཐུན་ལག་བསྟར་བདག་དབང་ལ་འགན་སྲུང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།