ཞིང་ཆེན་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིང་བ”ཞེས་པ་བརྗོད་དོན་ཡིན་པའི་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ7པའི་ཚེས31ཉིན། ཞིང་ཆེན་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིང་བ”ཞེས་པ་བརྗོད་དོན་ཡིན་པའི་སློབ་གསོའི་བགྲོ་གླེང་གྲོས་ཚོགས་སྐབས་གཉིས་པ་བསྡུས་ཤིང་། “བསམ་བློ་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི”བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་བྱས་པ་རེད། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཀྲུའུ་ཞི་རབ་བརྟན་གྱིས་འགོ་འཛིན་གནང་ཞིང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། 

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། ཀྲང་ཧྲིག་ཁྲིན་སོགས་ཐིན་རིམ་པའི་འགོ་ཁྲིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཅིག་བསྡུས་སློབ་སྦྱོང་སྐབས་བཏོན་པའི་གསུང་བཤད་གལ་ཆེན་དང་དུས་རིམ་སྔོན་མའི་སློབ་སྦྱོང་ནང་དོན། རྟོག་ཞིབ་གནས་ཚུལ་བཅས་དང་ཟུང་འབྲེལ་བྱས་ཏེ། གླེང་མོལ་སྤེལ་བ་རེད།

རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད་ཁྲོད་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཚུན་དུ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་ལས་ཁང་གིས་རང་འགན་གཙང་སྒྲུབ་དང་ལས་དོན་ཏན་ཏིག་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་བས། བྱ་བ་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་གོམ་སྟབས་རྗེས་མའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན། ཁོང་གིས་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་གིས་ཉིན་རྒྱུན་གྱི་བཀོད་སྒྲིག་དང་། གཅིག་གྱུར་མཐུན་སྦྱོར། ལྟ་སྐུལ་མཛུབ་ཁྲིད་བཅས་ལ་ཤུགས་བསྣན་ནས་སྤུས་ཚད་དང་ཕན་འབྲས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ཉམས་ཞན་ལྷུ་ཚིགས་དུམ་ཚན་དང་མངོན་གསལ་དོད་པའི་མི་འདང་སར་དམ་པོར་དམིགས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་འགན་དོན་འཁྱོལ་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དང་ལྷག་པར་དུ་ཏང་ཀྲི་པུའུ་ཡི་སློབ་སྦྱོང་སློབ་གསོའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པ་མངོན་ཆེར་འཛིན་པ་དང་། སྲིད་གྲོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་དམ་འཛིན་དང་ཕན་འབྲས་ཆེ་རུ་གཏང་རྒྱུ་མངོན་ཆེར་འཛིན་པ། བློ་དཀར་ལས་བྱེད་པའི་འགན་འཁྲི་འཁུར་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་པོས་ཞུན་བརྡར་བྱེད་པ། ཆེད་དོན་བགྲོ་གླེང་ཐེངས་གསུམ་པ་སྒྲིག་འཛུགས་ནན་ཏན་བཅས་བྱས་ནས་རིགས་པའི་གཞུང་ལུགས་ཐད་ཀྱི་སློབ་སྦྱོང་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས། རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་དམིགས་བྱའི་ཐོག་ནས་གནད་དོན་འཚོལ་བཤེར་གཏིང་ཟབ་བྱེད་པ་དང་། རང་འགུལ་ངང་གནད་དོན་ངོས་འཛིན་རྩིས་ལེན་བྱེད་པ། དག་ཐེར་དོན་འཁྱོལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྲིད་གྲོས་ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་ཆབ་སྲིད། སྤྱོད་ཚུལ། འཇོན་ཐང་། སྤྱོད་གཙང་སོགས་ཀྱི་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ལ། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་ཆེན་ཨུ་ལྷན་གྱི་ལས་ཀའི་རྗེས་སུ་དམ་པོར་འབྲང་བ། སྔོན་ལ་ཇུས་འགོད་དང་། ལག་པ་འགུལ་བ། བློ་ཞིབ་མོས་ཕྱོགས་གང་ཅིའི་ཐད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་ཤིང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སྐྱོད་པ་དང་མིག་དཔེ་ཡག་པོ་བསྟན་ནས་བརྟག་དཔྱད་ཞིབ་འཇུག་དང་། སྙིང་གཏམ་བཤད་རེས། བསམ་འཆར་བསྡུ་ལེན་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། དབྱེ་ཞིབ་དཔྱད་ཡིག་ནན་ཏན་བྲིས་ཏེ་སྤུས་ཚད་མཐོ་བའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཞིག་འཚོགས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་སྤུས་ཚད་དང་ཕན་འབྲས་སྔར་བས་སྲ་བརྟན་དང་མཐོ་རུ་གཏོང་དགོས་ཟེར།

ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བགྲོ་གླེང་ཚོགས་འདུ་ནང་ཞུགས་པ་རེད།

ལོ་ཙཱ་བ། ཀླུ་མོ།