མཚོ་སྔོན་གྱིས་མ་མཐའི་འགན་སྲུང་གི་ཞིབ་མཆན་འགོད་དབང་དེ་ཚོད་ལྟ་བྱེད་ས་རྫོང(ཆུས)བཅུ་ལ་གཤམ་སྤྲོད་བྱས་པ།

ཟླ7ཚེས30ཉིན་ལ། ཞིང་ཆེན་དམངས་སྲིད་ཐིང་ནས་འབྱོར་བའི་གནས་ཚུལ། ད་ལོ་ནས་བཟུང་ཞིང་ཆེན་དམངས་སྲིད་ཐིང་གིས་སྤྱི་ཚོགས་རོགས་སྐྱོབ་མངའ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ཆེན་ཡོངས་ནས་རྫོང(ཆུས)བཅུ་མ་མཐའི་འགན་སྲུང་གི་ཞིབ་མཆན་འགོད་དབང་གཤམ་སྤྲོད་བཅོས་སྒྱུར་ཚོད་ལྟ་བྱེད་སའི་ས་ཁུལ་དུ་གཏན་འབེབས་བྱས་ནས་དེ་སྔོན་ཚོད་ལྟ་བྱེད་ས་དེ་དག་གི་རྫོང་དམངས་སྲིད་ཅུས་ཀྱིས་འགན་བླངས་ཡོད་པའི་མ་མཐའི་འཚོ་བའི་འགན་སྲུང་གི་སྲིད་འཛིན་ཞིབ་མཆན་འགོད་དབང་དེ་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་ལ་སྤྲད་རྒྱུ་རེད།

ད་སྔ་ཚོད་ལྟ་བྱེད་སའི་རྫོང(ཆུས)གི་ནང་དུ་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་གྱིས་དབང་སྤྲོད་རྣམ་པའི་སྒོ་ནས་མ་མཐའི་འགན་སྲུང་གི་སྲིད་འཛིན་ཞིབ་མཆན་འགོད་དབང་དེ་གྲོང་རྡལ(སྲང་ལམ)སོ་སོར་སྤྲད་དེ་མ་མཐའི་འགན་སྲུང་གི་ཞིབ་མཆན་འགོད་སྟངས་དང་ལྟ་སྐུལ་དོ་དམ་འགན་ནུས་གཉིས་སོ་སོར་ཕྱེས་ཡོད་པ་རེད། ཟླ6པའི་ཟླ་མཇུག་བར་དུ། གྲོང་དབུས་ཁུལ་གྱིས་གྲོང་རྡལ(སྲང་ལམ)ཁག་གི་ཁྱིམ་ཚང5དང་མི8ལ་མ་མཐའི་འགན་སྲུང་གི་ཞིབ་མཆན་གསར་ཏུ་བཀོད་ཅིང་། མ་མཐའི་འགན་སྲུང་གི་ཁྱིམ་ཚང1733དང་མི2531ལ་ཟླ་མཇུག་གི་འགན་སྲུང་མ་དངུལ་སྒོར་ཁྲི126.9སྤྲད་ཐུབ་ཡོད་པས། མང་ཚོགས་དཀའ་ངལ་ཅན་གྱི་འཚོ་བར་འགན་སྲུང་ནུས་ལྡན་བྱས།

མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྱིས་གྲོང་ཚོའི་ལས་བྱེད་པ་དང་གྲོང་ཚོའི་ཨུ་ཡོན་གཉིས། དེ་མིན་ཞབས་ཕྱི་ཉོ་སྒྲུབ་པའི་སྟོབས་ཤུགས་བཅས་ལ་གཞི་བཅོལ་ཏེ། ཁྱིམ་ཚང་དུ་བསྐྱོད་དེ་རྟོག་ཞིབ་དང་གནས་ཚུལ་དོ་དམ་བྱས་ནས་དུས་ཐོག་ཏུ་ཆ་རྐྱེན་དང་མཐུན་པའི་དབུལ་ལོག་ཁྱིམ་ཚང་འགན་སྲུང་གི་ནང་དུ་བླངས། ནང་སྒོས་སུ་ཕུ་ཐའེ་ཤང་ནས་ཁྱིམ་ཚང་དུ་བསྐྱོད་དེ་རྟོག་ཞིབ་དང་། གནས་ཚུལ་དོ་དམ། ཞིབ་མཆན་འགོད་པ་བཅས“རིམ་པ་གསུམ”གྱི་སྒྲུབ་སྟངས་གསར་པ་སྤྱད་ལ། སྔོན་དཔག་བྱས་ན་ཁྱིམ་ཚང135དང་མི400མ་མཐའི་འཚོ་བའི་འགན་སྲུང་སྤྲོད་ཡུལ་གསར་པའི་ནང་བླངས་ནས་མང་ཚོགས་དཀའ་ངལ་ཅན་རྣམས་ལ་འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང་ཡོད་པ་དང་། སྐྱོབ་དགོས་རིགས་ཚང་མ་སྐྱོབ་ཐུབ་པ་ཞིག་བཟོ་འཆར་ཡོད་པ་རེད། ད་སྔ་ལུང་མདོ་རྫོང་ཡུལ་ཚོ་དང་གྲོང་རྡལ་གྱི་ཞིབ་མཆན་གསར་པ་འགོད་པའི་ཞིང་གྲོང་གི་མ་མཐའི་འགན་སྲུང་བྱ་ཡུལ་ལ་ཁྱོན་སྡོམ་ཁྱིམ་ཚང245དང་མི808ཡོད་ཅིང་། བཅོས་སྒྱུར་ཚོད་ལྟའི་ལས་ཀར་ཐོག་མར་གྲུབ་འབྲས་མི་དམན་པ་ཐོབ།

ཐེངས་འདིའི་བཅོས་སྒྱུར་ཚོད་ལྟས་ཞིབ་མཆན་འགོད་པའི་དུས་ཡུན་ཇེ་ཐུང་དུ་གཏང་ཞིང་། ལས་སྒྲུབ་གོ་རིམ་སྟབས་བདེར་བཟོས་ནས་བར་གསེང་གི་རྙོག་དྲ་མང་པོ་ཞིག་རང་ཤུགས་ཀྱིས་ཞི་ནས་མ་མཐའི་འགན་སྲུང་གི་ལས་སྒྲུབ་དུས་ཚོད་གྲོན་ཆུང་ཐུབ་ཡོད་པ་དང་། དེས་མ་མཐའི་འགན་སྲུང་གི་ཞིབ་མཆན་འགོད་པ་དང་ལྟ་སྐུལ་དོ་དམ་འགན་འཁྲི་དང་འགན་ནུས་སྔར་བས་གསལ་འབེབས་བྱས་ཏེ། སྤྱི་ཚོགས་རོགས་སྐྱོབ་ལས་ཀའི་ནང་རྐྱེན་ལམ་ལུགས་སྔར་བས་ལུགས་མཐུན་དང་། འཐུས་ཚང་། ཕན་འབྲས་ལེགས་པོ་ཐོབ་པར་སྐུལ་འདེད་གཏང་ཐུབ་ཡོད་པ་རེད། ཞིབ་མཆན་གསར་དུ་བཀོད་པའི་མ་མཐའི་འགན་སྲུང་བྱ་ཡུལ་གྱི་བསམ་འཆར་ལྟར་དུ། ཞིབ་མཆན་འགོད་སྟངས་ལ་བཅོས་སྒྱུར་བྱས་ནས་ཁོ་ཚོའི་རོགས་སྐྱོབ་སྙན་ཞུ་བྱེད་བདེ་བོར་བཟོས་ཏེ། དུས་ཚོད་ཐུང་ངུའི་ནང་རོགས་སྐྱོབ་ཐུབ་པར་འགན་ལེན་ཐུབ་རྒྱུ་བྱས།

ཁོན་ཐར་འཚོས་བསྒྱུར།