ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་གཙོ་བོ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད83.4%ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས5.4བརྒལ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་རྒྱལ་ཁབ་ཚོད་འཛིན་དཔྱད་ཞིབ་བཅད་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པོའི་བསྡུར་ཚད94.7%ཟིན་པ་དེ་རྒྱལ་ཁབ་ཀྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས་5.2མཐོ་བ་ཡོད་པ་དང་།ཙོང་ཆུར་ཐོན་པའི་ཞིང་ཆེན་གྱི་བཅད་ངོས་ཀྱིIVརིགས་ཀྱི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་100%ཟིན་པ་སྟེ། 2018ལོར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྲིག་གོ་སྐབས་སུ་བྱེད་པ། སྦགས་བཙོག་འགོག་བཅོས་འགག་སྒྲོལ་བྱ་བ་ཡག་པོ་རྒྱག་པ་བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་སྒོ་ཐེངས་བརྒྱད་དམ་འཛིན་བྱ་གཞིར་བྱས་ནས་སྣོད་བཅུད་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། 

ཐབས་མང་མཉམ་སྤྱོད་སྒོས་རླུང་ཁམས་ཆེན་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས《མཚོ་སྔོན་ཞིང་ཆེན་གྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》རྩོམ་འགོད་སྒྲིག་འཛུགས་བྱས་པ་དང་འབྲེལ་ད་ལོའི་ཟླ2ཚེས1ཉིན་ནས་ལག་ལེན་དུ་བསྟར་ནས《མཚོ་སྔོན་ཞིང་ཆེན་གྱི་གནམ་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི(2018ལོ་ནས2020ལོ་བར)》བཟོས་ནས་པར་འགྲེམས་བྱས་པ་རེད། “ཐལ་རྡུལ་འགོག་པ་དང་། རྡོ་སོལ་ཉུང་དུ་གཏོང་བ། རླངས་འཁོར་ལ་ཚོད་འཛིན་བྱེད་པ། ཁེ་ལས་བཅོས་སྐྱོང་བྱེད་པ། ལྗང་མདོག་མང་དུ་གཏོང་བ”བཅས་ཀྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྦགས་བཙོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་པ་དང་། རླངས་འཁོར་རྙིང་པ2616ཐག་གཅོད་མེད་པར་བཟོ་བ། འཕྲུལ་སྒུལ་འཁོར་ལོའི་མཇུག་རླངས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་དང་དུད་འཁོར་ནག་པོའི་གློག་རྡུལ་པར་ལེན་མ་ལག་བསྐྲུན་འགོ་ཚུགས་པ་རེད། རྡོ་སོལ་དང་དུ་བའི་སྦགས་བཙོག་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྡོ་སོལ་ཁྲོ་ཐབ་ཆུང་གྲས789མེད་པར་བཟོས་ནས་ལས་འགན་གྱི109%ལེགས་འགྲུབ་བྱུང་ཡོད། 

འགག་རྩ་དམ་འཛིན་གྱིས་ས་རྒྱུའི་ཁོར་ཡུག་གི་བདེ་འཇགས་སྔོན་འགོག་ཚོད་འཛིན་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། ས་རྒྱུའི་སྦགས་བཙོག་གི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ། ས་རྒྱུའི་མ་དཔེ6099དང་ཞིང་ལས་ཐོན་རྫས3179ཡི་མ་དཔེ་འཚོལ་བསྡུ་དང་སྒྲིག་བཟོ། དབྱེ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ཚང་མ་ལེགས་འགྲུབ་ཟིན་ནས་གཙོ་གནད་ལས་རིགས་དང་ཁེ་ལས414ཡི་ས་ཆའི་ཁོར་ཡུག་ཆ་འཕྲིན་འཚོལ་བསྡུ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པས།ས་རྒྱུའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པར་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་གལ་ཆེན་བྱུང་ཡོད། 

དེ་དང་ཆབས་ཅིག རང་ཞིང་གིས་ད་དུང་གསར་གཏོད་འཚོལ་ཞིབ་ཧུར་ཐག་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ། སྣོད་བཅུད་སྲུང་སྐྱོང་གི་དབྱེ་འབྱེད་ཇུས་གཞི་དེ་རྒྱལ་ཁབ་ཀྱི་ལག་རྩལ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་གི་རྩད་ཞིབ་ཁྱབ་ཁོངས་དང་ཚད་གཞི་གཏན་ཁེལ་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད། 《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་གནོད་འཚེའི་གུན་གསབ་ལམ་ལུགས་སྒྱུར་བཅོས་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ལག་བསྟར་ཇུས་གཞི》སོགས་བཟོས་པ་དང་འབྲེལ་པར་འགྲེམས་བྱས་པ་མ་ཟད། བཙོག་འབུད་དབང་ཆ་རིན་ཡོད་བེད་སྤྱོད་ཉོ་ཚོང་ལ་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་བས་ཁེ་ལས29ལ་བཙོག་འབུད་དབང་ཆ་དང་ཚོང་འགྲིག་དངུལ་འབོར་སྒོར་ཁྲི་1453བྱུང་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།