ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱེད་སྐབས། མཚོ་བྱང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་བཏང་ནས་ཁོར་ཡུག་སྤུས་ཚད་མཐོ་རུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དམིགས་ཚད་དུ་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་བྱ་བ་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། ཐབས་མང་མཉམ་སྤྱོད་ཀྱིས་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཁོར་ཡུག་སྤུས་ཚད་མཐོ་རུ་བཏང་ཡོད།

ནམ་མཁའི་སྔོ་དྭངས་སྲུང་སྐྱོང་ལས་སྒོ་ལ་སྐུལ་འདེད་ཏན་ཏིག་བཏང་ནས《མཚོ་བྱང་ཁུལ་གྱི་ནམ་མཁའ་སྔོ་དྭངས་སྲུང་སྐྱོང་ལས་སྒོ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་ལག་བསྟར་གྱི་ལས་འགན་ཁག་བགོས་ཇུས་གཞི》བཟོས་ཤིང་། རླུང་ཁམས་ཆེན་མོའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས། ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། ཟླ5པའི་ཟླ་མཇུག་བར་གྱི་ཕུལ་བྱུང་ཉིན་གྲངས་ཀྱི་བསྡུར་ཚད98%ཟིན་ནས་ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ་དང་གཟེངས་བསྟོད་ཐོབ་ཡོད་པ་རེད།

འཐུང་ཆུ་སྲུང་སྐྱོང་གི་འགག་སྒྲོལ་ལས་སྒོ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ《མཚོ་བྱང་ཁུལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི》བཟོས་ནས་ཁུལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་། གནད་དོན་གྱི་གསལ་ཐོ་བཟོས་ནས་བཏོན་པ་མ་ཟད། ཁུལ་རིམ་པ་དང་རྫོང་བཞིའི་ལོ་འཁོར་གྱི་དཔྱད་དཔོག་བྱ་བ་དང་རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་སྲུང་སྐྱོང་ཁུལ 118དབྱེ་བའི་ལག་རྩལ་སྙན་ཞུར་ཞིབ་བཤེར་བྱས་པ། ཆུ་ནག་དང་། རྟ་ཐང་གཙང་པོ། ཙོང་ཆུ་བཅས་བཞུར་ཁུལ་གྱི་ཁོར་ཡུག་ཤུགས་རྐྱེན་ལ་ཕྱི་མིག་ལྟ་བའི་གདེང་འཇོག་ཧུར་ཐག་བྱས་པ་རེད།

ཁུལ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད100%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་བསྡུ་རུབ་ཐག་གཅོད་བྱེད་ཚད80%ཟིན་པ། ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ214དང་། རང་བྱུང་གྲོང་ཚོ་ཡོད་ཚད་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ133བཅས་ཚང་མར་བདེ་འཇགས་འཐུང་ཆུ་ཡོད་པ་རེད།

ལུད་རྫས་དང་ཞིང་སྨན་མི་འཕར་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། 《མཚོ་བྱང་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་ལག་བསྟར་ཇུས་གཞི》བཟོས་ནས་ལག་བསྟར་བྱས་ཡོད། རྒྱ་མདོ་རྫོང་གི་སྐྱེ་ལྡན་ལུད་ཀྱིས་ལུད་རྫས་ཀྱི་ཚབ་བྱེད་ཚད་སྤྱི་ཆིང4000ཟིན་པ་དང་། ད་ལོ་ཁུལ་ཡོངས་ཀྱི་ལུད་རྫས་སྤྱོད་ཚད་ལོ་གོང་མ་ལས10%ཡན་ཉུང་དུ་འགྲོ་རྒྱུ་དང་། འགྱིག་རོ་ཚུར་བསྡུ་བྱེད་ཚད85%ཡན་ཟིན་རྒྱུ་རེད། ལས་གཞིའི་མ་དངུལ་སྒོར་ཁྲི3900ལག་བསྟར་བྱས་ཏེ། དེ་སྔའི་མཚོ་བྱང་རྫས་འགྱུར་བཟོ་གྲྭའི་ས་ཞིང་སྦགས་བཙོག་ཉམས་གསོ་དང་བཅོས་སྐྱོང་བྱ་རྒྱུ། གསོ་སྤེལ་གཞི་ཁུལ་དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བའི་སྦགས་བཙོག་འགོག་བཅོས་བྱ་བར་མུ་མཐུད་དུ་ཤུགས་སྣོན་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།