ཞིང་ཆེན་མི་དམངས་འཐུས་ཚོགས་ཁོར་ཡུག་དང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས“ཁྲིམས་བསྟར་ཞིབ་བཤེར་གྱི་ཕྱོགས་གསུམ་པའི་དཔྱད་དཔོག”གི་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། ཞིང་ཆེན་མི་དམངས་འཐུས་ཚོགས་ཁོར་ཡུག་དང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》མཚོ་སྔོན་གྱི་ཁྲིམས་འཛིན་གནས་ཚུལ་གྱི་ཕྱོགས་གསུམ་པའི་དཔྱད་དཔོག་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》ཀྱི་མཚོ་སྔོན་གྱི་ཁྲིམས་འཛིན་གནས་ཚུལ་སྐོར་གྱི་མཚོ་སྔོན་གྱི་དཔྱད་དཔོག་སྙན་ཞུར་གསན་པ་རེད།

སྙན་ཞུའི་ཚོགས་འདུ་ཐོག མཚོ་སྔོན་དགེ་འོས་སློབ་ཆེན་དཔྱད་དཔོག་ཚོགས་ཆུང་གིས་དཔྱད་དཔོག་བྱ་བའི་སྤེལ་ཚུལ་དང་དེ་བཞིན་དཔྱད་དཔོག་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

དཔྱད་དཔོག་ཚོགས་ཆུང་གིས་དགེ་འོས་སློབ་ཆེན་གྱི་དགེ་རྒན་སྟོབས་ཤུགས་ལ་བརྟེན་ནས་བཅའ་ཁྲིམས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། སྲིད་གཞུང་གི་འགན་ནུས་སྒྲུབ་པ་དང་སྡེ་ཚན་གྱི་ཁྲིམས་འཛིན་གནས་ཚུལ་ལ་དཔྱད་དཔོག་ཞིབ་འཇུག་བྱས་པ་དང་། ཕྱོགས་གསུམ་པ་ནས་རང་ཞིང་གི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་གནས་ཚུལ་ལ་གདེང་འཇོག་བྱས་པ། ཆུའི་སྦགས་བཙོག་འགོག་བཅོས་ཁྲིམས་འཛིན་དང་། ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཐབས། འཐུང་ཆུའི་ཆུ་ཁུངས་དང་དམིགས་བསལ་ཆུ་ཁུངས་སྲུང་སྐྱོང་། ཁྲིམས་འབྲེལ་འགན་འཁྲི་དོན་འཁྱོལ་སོགས་ཐད་གནས་པའི་དཀའ་ངལ་དང་མི་འདང་བར་དབྱེ་ཞིབ་བྱས་པ་མ་ཟད། ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འབྲེལ་འགན་འཁྲི་དོན་འཁྱོལ་བྱེད་པ་སོགས་ཀྱི་ཐད་ལ་ཁ་གཏད་འཇལ་ཐབས་དང་གྲོས་གཞི་བཏོན་ནས་ཁྲིམས་འཛིན་ཞིབ་བཤེར་བྱ་བར་དཔྱད་གཞི་མཁོ་འདོན་བྱས་པ་རེད།

ཞིང་ཆེན་མི་དམངས་འཐུས་ཚོགས་ཁོར་ཡུག་དང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་ཁྲོད་ཕྱོགས་གསུམ་པའི་དཔྱད་དཔོག་ལམ་སྲོལ་ཐོག་མར་ནང་འདྲེན་བྱས་པ་དང་། དེའི་དམིགས་ཡུལ་ནི་ཕྱོགས་གསུམ་པའི་སྟོབས་ཤུགས་ལ་བརྟེན་ནས་ཁྲིམས་འཛིན་གནས་ཚུལ་ལ་དཔྱད་དཔོག་བྱས་ཏེ་དེ་བས་དངོས་ཡོད་དང་བར་གནས་ཀྱི་ཐོག་ནས་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་གནས་ཚུལ་ལ་ཞིབ་ལྟ་དང་གདེང་འཇོག་བྱས་ཏེ། ཁྲིམས་འཛིན་ཞིབ་བཤེར་གྱི་དངོས་ཡོད་རང་བཞིན་དང་། དབང་གྲགས་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་ཆེད་ཡིན།ཁོར་ཡུག་རྒྱུ་ནོར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཚོད་སྐོར་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། ཚོད་སྐོར་བྱས་འབྲས་དེ་ཁྲིམས་འཛིན་ཞིབ་བཤེར་ཁྲོད་སྤྱོད་པ་དང་ཕྱོགས་གསུམ་པའི་ཚོད་སྐོར་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་མ་ཟད། ད་དུང་བྱེད་སྟངས་དང་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་བྱ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བསྟན།

ཞིང་ཆེན་མི་དམངས་འཐུས་ཚོགས་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཁོར་ཡུག་ཐོན་ཁུངས་ཀྱི་འཐུས་མིའི་ཆེད་ལས་ཚོགས་ཆུང་གི་ཁོངས་མི། ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་ཁོངས་མི་བཅས་ཀྱིས་སྙན་ཞུར་གསན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།