ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དམངས་གཙོའི་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་མཁར་གྲོང་ཅན་གསར་པར་གཅིག་གྱུར་འཆར་འགོད་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ལག་བསྟར་རྩ་གནད(གྲོས་བསྡུར་མ་ཟིན)》སྐོར་གྱི་བསམ་འཆར་ལ་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ། 《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་མཁར་གྲོང་ཅན་གསར་པར་གཅིག་གྱུར་འཆར་འགོད་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་རྩ་གནད(གྲོས་བསྡུར་མ་ཟིན)》སྐོར་ནས་གསལ་བཤད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས། ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས་པ་རེད།

ཝང་ཅན་ཅུན་བསྟན་དོན། སྲིད་ཏང་གྲོས་མོལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བྱ་བ་དེར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་། དམངས་གཙོའི་ཏང་ཁག་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཁྱོན་ཡོངས་ནས་མཉམ་འདྲེས་དང་། ཁྱོན་ཡོངས་ལ་ཞབས་ཞུ། ཁྱོན་ཡོངས་འགན་ལེན་བཅས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་སྤྲོ་སེམས་ཆེན་པོས་རྟོག་ཞིབ་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས། རང་སོ་སོའི་རིམ་གྲས་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་སྔོན་གྱི་སྒྱུར་འཕེལ་བརྟན་གསུམ་ཆེད་བྱས་རྗེས་གལ་ཆེན་འབུལ་བ་རེད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་ལོ་ཞིག་ཡིན་པས། མི་མང་གི་བྱ་བ་དེ་མི་མང་གིས་གྲོས་བསྡུར་བྱེད་དགོས། རེ་བ་ཡིན་ན། དམངས་གཙོའི་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཐོག་མའི་བསམ་འདུན་མ་བརྗེད། འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་ཆོད་སེམས་བརྟན་པོ་བཅངས་ཏེ། མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།