རང་ཞིང་གིས་བོད་ལུག་དུག་སྲིན་རིམས་འགོག་གཞི་རྒྱུ་སྔོག་འདོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། གསར་འགོད་པས་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་འགན་སྒྲུབ་བྱས་པའི་ཞིང་ཆེན་གྱི་བེད་སྤྱོད་རྨང་གཞིའི་ཞིབ་འཇུག་འཆར་གཞིའི་རྣམ་གྲངས་ཀྱི“RNA-seqརྨང་གཞི་ཡིན་པའི་བོད་ལུག་དུག་སྲིན་རིམས་འགོག་གཞི་རྒྱུ་སྔོག་འདོན་དང་བྱེད་ནུས་ཞིབ་འཇུག”ཞེས་པར་ཞིབ་བཤེར་དང་ལེན་བྱས་ཡོད། རྣམ་གྲངས་ཀྱི་ཞིབ་འཇུག་གྲུབ་འབྲས་དེས་བོད་ལུག་དུག་སྲིན་རིགས་ཀྱི་ཐོན་ཁུངས་སྔོག་འདོན་ཐད་ལ་གཞུང་ལུགས་དང་བེད་སྤྱོད་ཀྱི་རིན་ཐང་ངེས་ཅན་ཞིག་ལྡན་པ་རེད།

མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་སློབ་གླིང་གི་སྲོག་ཆགས་གསོ་རིག་སྡེ་ཁག་གི་འབུམ་རམས་པ་ཡེས་ཀོས་ཧྲིན་གྱིས་ངོ་སྤྲོད་བྱེད་རྒྱུར། ལས་གཞི་དེ2016ལོའི་ཟླ1ཚེས1ཉིན2018ལོའི་ཟླ12ཚེས31ཉིན་བར་གྱི་དུས་ཡུན་ལོ་ངོ3གྱི་རིང་ལ་ཁོ་དང་ཁོའི་ཚོགས་པའི་ཚན་རྩལ་མི་སྣས་ཚད་འཇལ་གོ་རིམ་མཐོན་པོའི་ལག་རྩལ་བརྟེན་ནས་བོད་ལུག་གི་ནང་ཁྲོལ་དུག་སྲིན་རིམས་འགོག་དང་འབྲེལ་བའི་གཞི་རྒྱུ་ལ་ཞིབ་འཇུག་བྱས་པ་རེད། དེ་ཡང་ཨོ་ལའི་རིགས་ཀྱི་བོད་ལུག་དང་མཐོ་སྒང་རིགས་ཀྱི་བོད་ལུག་གཉིས་ཀྱི་ཁྲོད་ནས་སོ་སོར253དང280ལེགས་བདམ་བྱས་ཏེ་བོད་ལུག་དུག་སྲིན་རིམ་འགོག་དང་འབྲེལ་བའི་ཧེ་བག་གི་གཞི་རྒྱུ་མཚོན་པར་བྱས། དེའི་མི་ཚད་ཧེ་བག་གིས་མཚོན་པའི་གཞི་རྒྱུ་ལ་བྱེད་ནུས་དབྱེ་ཞིབ་དང་བྱེད་ནུས་ཞིབ་བཤེར་ཐད་ལRACEལག་རྩལ་ཟུང་འབྲེལ་གྱིས་རིང་ཚད་ཧྲིལ་བོར1236bp བསྒྲིགས་ཨང230གི་ཨན་ཅིས་སྐྱུར་གྱི་བོད་ལུག་དུག་སྲིན་རིམས་འགོག་གཞི་རྒྱུ་ལས་བསྒྲིགས་ཨང་གི་གོ་རིམ་ལྟར་སྐྱེ་དངོས་བརྡ་འཕྲིན་གྱི་དབྱེ་ཞིབ་བྱས།

རང་ཞིང་ལ“ཀྲུང་གོའི་བོད་ལུག་གཞིས་ཀ”ཞེས་པའི་མཚན་སྙན་ཡོད་ལ། བོད་ལུག་གསོ་སྤེལ་གྱི་ཁ་གྲངས་ནི་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསླེབས་ཡོད། རིམས་ནད་ནི་བོད་ལུག་གསོ་སྤེལ་ཐད་ཀྱི་དཀའ་ཁག་ཆེན་པོ་ཞིག་ཡིན། གལ་ཏེ་རིམས་ནད་སྔོན་འགོག་བྱ་བ་དེ་གནད་ལ་མ་ཁེལ་ཚེ་འབྲོག་པ་མི་དམངས་ལ་དཔལ་འབྱོར་ཐད་གྱོང་གུད་ཚབས་ཆེན་ཞིག་ཐེབས་ངེས། དེ་ལས་གཞན་བོད་ལུག་རིམས་ནད་སྔོན་འགོག་གི་གཞི་རྒྱུའི་སྔོག་འདོན་དེས་བོད་ལུག་གསོ་སྤེལ་ལས་རིགས་ཀྱི་བདེ་ཐང་འཕེལ་རྒྱས་ཐད་ལ་བྱེད་ནུས་གལ་ཆེན་ཞིག་ཐོན་འདུག དེ་མིན་བོད་ལུག་རིམས་ནད་སྔོན་འགོག་ཆ་ཤས་སྒྲིག་འཛུགས་ཀྱི་འཚོལ་བཤེར་ཐད་ལ་ཡང་སྔོན་འགྲོའི་རྨང་གཞི་གལ་ཆེན་ཞིག་ཐོན་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།