མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་སྒོས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་བྱ་བ་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། “ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཤིང་། རེས་སྐོར་གསར་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གོ་སྐབས་སུ་བཟུང་སྟེ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་ལས་ཀའི་ཞན་ཆ་འཚོལ་ཞིབ་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་བྱ་བ་ཁག་ཡག་པོ་བསྒྲུབས་པ་རེད།

མཛེས་ལྗོངས་ཁུལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་རོང་འབྲོག་མང་ཚོགས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་མཛེས་ལྗོངས་ཁུལ་མཉམ་ལས་ཚོགས་འདུ་བསྡུས་ཤིང་། ཕྱོགས་གཉིས་ཀྱི་འགན་འཁྲི་དང་། ལས་ཀའི་གཙོ་གནད། བྱེད་ཐབས་ཞིབ་ཕྲ་བཅས་སྔར་བས་ཁ་གསལ་བཟོས་ཏེ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་སྔར་བས་སྐུལ་འདེད་གཏང་བ་དང་རོང་འབྲོག་པའི་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་སོགས་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་རེད།

ལས་རིམ་རྗེས་མར་མཛེས་ལྗོངས་ཁུལ་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་མུ་མཐུད་མཐའ་འཁྱོངས་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏང་བ་དང་། ལས་བྱེད་པ་ཕྱོགས་གཉིས་དབར་འབྲེལ་བ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མཛེས་ལྗོངས་ཁུལ་མཉམ་འགུལ་ལ་སྐུལ་འདེད་བཏང་ནས་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཏེ། རེས་སྐོར་གསར་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་བྱ་བ་ཁག་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་ཏུ། མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་བསྣན་ནས་གོ་རིམ་ལྡན་པའི་ངང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁོར་ཡུག་ཚད་ལྡན་དུ་གཏང་བའི་རྨང་གཞིའི་ཐོག སྲིད་ཇུས་དྲིལ་སྒྲོག་ལ་སྔར་བས་ཤུགས་སྣོན་པ་དང་། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏང་བ། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་དང་། བྱ་ཉ་མཉམ་རྩེན་གྱི་ཆུའི་སྣོད་བཅུད་དོ་སྙོམས་མ་ལག་དྲིལ་སྒྲོག་ཤུགས་ཆེན་བཅས་བྱས་པ་རེད། གསེར་ཆེན་རྫོང་དང་། རྐང་ཚ་རྫོང་། ཧའེ་ཡན་རྫོང་བཅས་ནགས་ལས་ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཞིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དྲིལ་སྒྲོག་སློབ་གྲྭ་དང་། སྡེ་ཁུལ། དགོན་སྡེ་བཅས་སུ་སྤེལ་ཏེ། ཕུའུ་ཧྲི་དགོ་བ་འཚོ་སྡོད་བྱ་ཡུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་སྲིད་ཇུས་དང་རོགས་སྐྱོབ་ཤེས་བྱ་དྲིལ་སྒྲོག་རྒྱ་ཁྱབ་བྱས་པ་རེད། ཕུའུ་ཧྲི་དགོ་བའི་རྒྱུད་སྤེལ་ཁུལ་ལ་མུ་མཐུད་དུ་ཤུགས་བསྣན་ནས་ཕུའུ་ཧྲི་དགོ་བའི་སྐྱེ་འཕེལ་བདེ་འཇགས་འགན་ལེན་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།