ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 2

(ལེ་ཚན་གོང་མའི་འཕྲོས་མཐུད།)

ཇི་ལྟར་བྱས་ན་ད་བཟོད་ཁྱིམ་མི་དག་གིས་དུག་འཐེན་པ་སྔ་མོ་ནས་ཤེས་ཐུབ་བམ།

1.འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་བྱུང་བ། དེ་ཡང་དུག་འཐེན་པའི་དགོས་མཁོ་དང་དུག་རྫས་ཀྱིས་ལུས་པོར་ཐེབས་པའི་གནོད་འཚེ་དེའི་དབང་གིས་དུག་འཐེན་མཁན་གྱི་འགྲོ་འདུག་དང་བཟའ་བཏུང་གི་རྒྱུན་ལོབས་ལ་ནམ་རྒྱུན་འགྱུར་ལྡོག་ཆེན་པོ་བྱུང་སྲིད། དཔེར་ན་དགོང་མོ་ཉལ་འཕྱི་བ་དང་ནམ་གུང་མ་གཏོགས་མི་གཉིད་པ། སྔ་མོ་མལ་ལས་མི་ལངས་པ་དང་ཉིན་དཀར་ཡང་གཉིད་པ་ལྟ་བུའོ། བཟའ་བཏུང་ལ་ངེས་གཏན་མེད་པར་ཟས་ཀྱི་ཡི་ག་ཡང་ཇེ་ཞན་ལ་འགྲོ་བ། དེ་ཡང་ཆང་དཀར་དང་ཇ་ཡིས་དུག་རྫས་ཀྱི་དུག་ནུས་ཇེ་ཆེར་གཏོང་སྲིད་པས། དུག་འཐེན་མཁན་གྱིས་སྤྱིར་བཏང་དུ་ཇ་དང་ཆང་དཀར་མི་འཐུང་ཞིང་ཤིང་ཏོག་ཟ་བར་དགའ།

2.འཚོ་བའི་སྤྱོད་ལམ་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་ཤེས་པ། དུག་འཐེན་རྗེས་མི་གཤིས་གྱོང་བོར་འགྱུར་སྲིད། མ་གཞི་སྤྱོད་བཟང་གཤིས་འཇམ་དང་འགན་འཁྲིའི་འདུ་ཤེས་ཡོད་པ། བྱ་བར་འབད་བརྩོན་ཆེ་བ། ཡར་སྐྱེད་ཅན་གྱི་མི་དེ་གློ་བུར་དུ་སྒྱུད་ལུག་དང་ཡི་མུག སྒེར་སེམས་ཅན་ལ་འགྱུར་ངེས། དུག་འཐེན་ན་མིའི་གཤིས་ཀ་འགྱུར་སླ་ཞིང་། མ་གཞི་གཤིས་འཇམ་དང་གཞུང་དྲང་ཅན་གྱི་མི་ཞིག་ཡིན་ན་ཡང་གཏུམ་སྤྱོད་དང་ཁོང་ཁྲོ་ལངས་སླ་བ། ཐ་ན་ཞེ་སྡང་དང་གདུག་རྩུབ་ཅན་ཞིག་ཏུ་འགྱུར་སྲིད།

3.བཀོལ་ཡུལ་མི་ཤེས་པའི་འགྲོ་སོང་ཇེ་མང་དུ་འགྲོ་བ། དུག་རྫས་ཀྱི་རིན་གོང་ཧ་ཅང་མཐོ་པས་དུག་འཐེན་མཁན་གྱིས་ནམ་རྒྱུན་སྒོར་མོ་མང་པོ་བརླག་ནས་དུག་རྫས་ཉོ་བཞིན་ཡོད། དེ་ཡང་ཁོ་ཚོའི་ལག་གི་གསོག་དངུལ་ཡོད་ཚད་ཚར་རྗེས་ད་བཟོད་རྫུན་གཏམ་སྣ་ཚོགས་བསྒྲིགས་ནས་ཁྱིམ་མི་ལ་སྒོར་མོ་སློང་བ་དང་གཉེན་ཉེ་ལ་སྒོར་མོ་བསྐྱི་བ། ཐ་ན་ཁྱིམ་གྱི་རྒྱུ་ནོར་བརྐུ་བ་སོགས་བྱེད་པ་མ་ཟད། ནམ་རྒྱུན་སྒོར་མོའི་འགྲོ་སོང་ལ་གསལ་བོ་ཞིག་བཤད་རྒྱུ་མེད།

4.ལུས་པོའི་བདེ་ཐང་མངོན་གསལ་གྱིས་ཇེ་དམའ་རུ་འགྲོ་བ། དུག་འཐེན་པ་དང་དུག་རྩ་ལམ་དུ་རྒྱག་པ་སོགས་ཀྱིས་ལུས་ཀྱི་དབང་བོ་དང་རྩ་ལམ་གང་མང་ལ་གནོད་འཚེ་ཆེན་པོ་ཐེབས་སྲིད། དེའི་ཁར་དུག་འཐེན་རྗེས་ནམ་རྒྱུན་ཟས་ཀྱི་ཡི་ག་ཇེ་ཞན་དུ་འགྲོ་བ་དང་གཉིད་མེད་པ་བཅས་ཀྱི་དབང་གིས་ལུས་པོའི་བདེ་ཐང་གི་གནས་སྟངས་དེ་མངོན་གསལ་གྱིས་ཇེ་ཞན་ལ་འགྲོ་བ་རེད། དེའི་མཚོན་སྟངས་ནི་ལུས་དུབ་པ་དང་ཤ་སྐམ་པ། ལུས་པོ་ཉམ་ཐག་དུ་གྱུར་བ། རྒས་འཁོགས་སུ་གྱུར་བ་བཅས་ཀྱི་ནད་རིགས་མང་པོ་ཞིག་ཀྱང་སྐྱེད་འོངས་ངེས།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།