ལུང་མདོ་རྫོང་གིས་དབུལ་ཕོངས་སྡེ་བ་གཉིས་ལ་མཉམ་ལས་ཁང་བཙུགས་སྟེ་ཁྱིམ་བྱ་གསོ་སྤེལ་བྱེད་དུ་བཅུག་པས་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ7ཚེས9ཉིན། མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་ཁྲིན་ཐའེ་ཤང་གི་ཞ་ཐའེ་སྡེ་བ་དང་ཁྲིན་ཙི་སྡེ་བ་གཉིས་ཀྱིས་ཁྱིམ་བྱ་གསོ་སྤེལ་ཟུང་འབྲེལ་མཉམ་ལས་བྱ་བའི་གྲོས་མཐུན་གན་རྒྱར་མིང་རྟགས་བཀོད། དེས“དབུལ་ཕོངས་སྡེ་བས་མཉམ་ལས་ལ་སྣེ་ཁྲིད་གཙོ་བོ་དང་ཐོན་ལས་འཕེལ་རྒྱས་དེ་སྲོག་ཤིང་དུ་འཛིན་པ། ཁེ་ཕན་ཐུན་མོང་གསར་འཛུགས་ཀྱི་ཐུན་མོང་ཁ་ཕྱོགས”བཅས་ཀྱི་བྱ་བའི་བསམ་བློ་གྲུབ་པ་མཚོན་ཡོད། དེའི་མི་ཚད་སྡེ་བ་རིམ་པའི་གཅིག་བསྡུས་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ལ་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཐབ་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བར་ཟུང་འབྲེལ་བྱེད་པའི་རྣམ་པ་གསར་བ་ཞིག་བཏོན།

ལུང་མདོ་ས་ཁུལ་གྱི་ཁྲིན་ཐའེ་ཤང་གི་ཞ་ཐའེ་སྡེ་བའི“ཧྲུའུ་ཅི་དང་པོ”ཏུན་ཧྲིན་ཏུང་གིས་བཤད་རྒྱུར། “2018ལོ་དང་ཁྲིན་ཙི་སྡེ་བའི‘ཧྲུའུ་ཅི་དང་པོ’དང་ལྟེས་དབང་གི་བསམ་བློ་བརྗེ་རེས་ཤིག་ལས་སྡེ་བ་གཉིས་ཀྱིས་ཐེངས་དང་པོར་མཉམ་ལས་བྱེད་རྒྱུ་དེ་གྲུབ། ལོ་དེར་ཞ་ཐའེ་སྡེ་བས་ཚོད་ལྟའི་གསོ་སྤེལ་བྱས་པའི་ཁྱིམ་བྱ3000ལྷག་རྒྱལ་ཁའི་ངང་ཞིང་ཆེན་ཕྱིའི་ས་ཁུལ་སོ་སོར་ཕྱིར་འཚོང་ཐུབ་པར་གྱུར་ལ། ཁྱིམ་བྱ་ཕྱིར་འཚོང་བྱེད་པའི་བགྲོད་ལམ་ཞིག་གསར་རྙེད་བྱུང་པས། སྡེ་བའི་གསོ་སྤེལ་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པའི་ཡིད་ཆེས་དང་ཆོད་སེམས་ཡོད་པར་གྱུར”ཞེས་བཤད།

ད་ལོ་སྡེ་བ་གཉིས་ཀྱིས་ན་ནིང་གི་མཉམ་ལས་དེའི་རྨང་གཞིའི་སྟེང་མུ་མཐུད་དུ་སྔར་ལས་ཟབ་པའི་མཉམ་ལས་འཚོལ་ཞིབ་བྱས་པ་རེད། སྡེ་བ་གཉིས་ཀྱི་སྡེ་བའི་ཨུ་ལྷན་གཉིས་དང་སྡེ་བའི་གཏན་སྡོད་བྱ་བའི་རུ་ཁག་གིས་ཐེངས་མང་པོར་རྟོག་ཞིབ་བྱས་པ་བརྒྱུད་ཕྱོགས་གཉིས་ཀའི་གནས་བབ་ལེགས་པོ་དང་མི་ལེགས་པའི་ཆ་ལ་རྒྱུས་ལོན་གསལ་བོ་ཞིག་བྱས་ཏེ། ཁྲིན་ཙི་སྡེ་བས་ཞ་ཐའེ་སྡེ་བར་མ་རྐང་བཞག་ནས་ཁྱིམ་བྱ་གསོ་སྤེལ་ཀུང་ཟིའི་མཉམ་ལས་ཀྱི་ཁྱིམ་བྱ་གསོ་སྤེལ་གཞི་ཁྱོན་ཐད་ལ་མཉམ་ལས་བསམ་གཞིག་གཏོང་རྒྱུ་གཏན་ཁེལ་བྱས། ཆེས་ཐོག་མར་ཞ་ཐའེ་སྡེ་བས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་དབུལ་སྐྱོར་ལས་གཞི་ལ་བརྟེན་ནས་ཁྱིམ་བྱ་གསོ་སྤེལ་བྱེད་པའི་གཞི་ཁྱོན་གྲུབ། ཁྲིན་ཙི་མཁར་གྱིས་མཉམ་ལས་མ་རྐང་ལས་གཞན་ཐོན་ལས་འབོར་ཆེན་ཕྱིར་འཚོང་བྱེད་པའི་བགྲོད་ལམ་རྒྱ་བསྐྱེད་དུ་བཏང་། ཕྱོགས་གསུམ་གྱིས་གྲོས་མཐུན་གན་རྒྱར་གཏན་ཁེལ་བྱེད་པའི་བྱེད་ཐབས་ལས་ཁེ་་ཕན་བགོ་བཤའ་རྒྱག་པའི་བསམ་བློ་ལ་ཡང་གྲོས་མཐུན་བྱུང་།

ཏིན་ཧྲིན་ཏུང་གིས་ངོ་སྤྲོད་བྱེད་རྒྱུར། སྡེ་བ་གཉིས་ཀྱི་མཉམ་ལས་སྒོས་ཁྱིམ་བྱ་གསོ་སྤེལ་བྱེད་པའི་ཐབས་ལམ་གྱིས་ཁྲིན་ཙི་སྡེ་བའི་གསོ་སྤེལ་ཐོན་ལས་ཀྱི་འཕེལ་རྒྱས་བར་སྟོང་གི་མི་འདང་བའི་ཞན་ཆ་དེ་ཁ་གསབ་བྱས་ཤིང་། ཞ་ཐའེ་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ཆད་ལྷག་གི་ཞན་ཆ་དེ་སྐོང་འདུག་པས། སྡེ་བ་གཉིས་ཀྱིས་ཕན་ཚུན་གྱི་གནས་བབ་ལེགས་པོ་ཕན་ཚུན་ཁ་གསབ་སྒོས་སྡེ་བ་གཉིས་ཀྱི་སྡེ་བ་རིམ་པའི་གཅིག་བསྡུས་དཔལ་འབྱོར་མུར་སྤེལ་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་གར་སྟེགས་ནུས་ལྡན་ཞིག་བསྐྲུན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།