མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ཟི་ལིང་དུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ7ཚེས12ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་པེ་ཅིན་དགེ་འོས་སློབ་ཆེན་གྱི་མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་དེ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་འགོ་ཚུགས་པ་རེད།

གླེང་སྟེགས་ཀྱིས“ཤེས་ལྡན་མི་སྣའི་རིག་སྟོབས་གཅིག་བསྡུས་སྒོས་མཐོ་སྒང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ”བརྗོད་དོན་གཙོ་བོར་བཟུང་ནས། མདོ་དབུས་མཐོ་སྒང་དང་རྒྱལ་ནང་གི་ས་སེར་མཐོ་སྒང་། ཡུན་ཀུའེ་མཐོ་སྒང་། ནང་སོག་མཐོ་སྒང་བཅས་ཀྱི་ཞིབ་འཇུག་དང་གོ་ལ་ཧྲིལ་པོའི་ས་མཐོའི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་གསོག་འཇོག་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་མཐོང་རྒྱ་ཆེ་བའི་ས་མཐོའི་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་འདུ་ཤེས་བརྒྱུད་བསྒྲགས་ཀྱི་ལས་སྟེགས་དང་། བསམ་བློ་བརྗེ་རེས་ཀྱི་སྟེགས་བུ། སྲིད་གཞུང་མཉམ་འགུལ་གྱི་ལས་སྟེགས། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་མཉམ་ལས་བཅས་ཀྱི་ལས་སྟེགས་བསྐྲུན་ཡོད།

གླེང་སྟེགས་ཀྱིས་མཐོ་སྒང་གི་ཚན་རིག་ཞིབ་འཇུག་དང་མཐོ་སྒང་གི་རྒྱུན་མཐུད་འཕེལ་རྒྱས། རྒྱལ་ཁབ་ཀྱི་གཙོ་གནད་གཅིག་བསྡུས་བཅས་ལ་དམིགས་ནས། ས་ཁུལ་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་འཕེལ་རྒྱས་ཀྱི་གནད་དོན་ལ་ཁྲིད་སྟོན་བྱེད་པ། དཔྱད་གླེང་ཚ་ཤོས་མངོན་གསལ་དོད་པོ་བཅས་བྱས་ཏེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་མཐོ་སྒང་གི་ཚན་རིག་ཞིབ་འཇུག་དང་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་འབྱུང་གནས་གལ་ཆེན། འཆར་འགོད་གལ་ཆེན་གྱི་སྐུལ་འདེད་བྱེད་ཡུལ། རྣམ་གྲངས་གལ་ཆེན་ལག་བསྟར་བྱ་ཡུལ་བཅས་སུ་འགྱུར་རྒྱུར་གཞོལ་ནས་མཐོ་སྒང་གི་ཚན་རིག་ཞིབ་འཇུག་གསར་གཏོད་དང་སྲིད་ཇུས་བློ་འདྲིའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མདོ་དབུས་མཐོ་སྒང་གི་ཚན་རིག ཀྲུང་གོ་དང་འཛམ་གླིང་གི་མཐོ་སྒང་ཚན་རིག་བཅས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས་པ་རེད།

རྒྱལ་ནང་གི་ཚན་རིག་གླིང་དང་བཟོ་སྐྲུན་གླིང་གི་གླིང་གཙོ་དང་། མིང་གྲགས་ཅན་གྱི་ཆེད་ལས་ཤེས་ཡོན་པ། མཐོ་སློབ་དང་ཚན་རྩལ་ཞིབ་འཇུག་སྒྲིག་གཞིའི་འགན་འཁུར་བ། དེ་བཞིན་ཕྱི་རྒྱལ་གྱི་རེས་ཏེན་གོང་མ་ཚང་གི་ཚན་རིག་གླིང་གི་གླིང་གཙོ། ཨོ་ཡ་ཚན་རིག་གླིང་གི་གླིང་གཙོ་སོགས་རིག་གཞུང་ལས་རིགས་ཀྱི་ཕུལ་བྱུང་མི་སྣས་མཐོ་སྒང་གི་སློབ་གསོ། མཐོ་སྒང་གི་ཐོན་ཁུངས་དང་ཁོར་ཡུག མཐོ་སྒང་གི་ལོ་རྒྱུས་དང་རིག་གནས། མཐོ་སྒང་གི་སྐྱེ་དངོས་དང་སྐྱེ་ཁམས། མཐོ་སྒང་གི་བདེ་ཐང་། མཐོ་སྒང་གི་གནོད་འཚེ་སྔོན་འགོག་དང་ཆག་སྒོ་ཉུང་འཕྲི། མཐོ་སྒང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གཙོ་གནད་དང་དཔྱད་གླེང་གནད་དོན་ལ་རིམ་པ་མི་འདྲ་བ་དང་ཟུར་མི་འདྲ་བའི་ངོས་ནས་མཐོ་སྒང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མདུན་ལམ་ལ་བགྲོ་གླེང་གཏིང་ཟབ་བྱས་ཏེ་མཐོ་སྒང་གི་ཚན་རིག་ཞིབ་འཇུག་དང་། མདོ་དབུས་མཐོ་སྒང་ས་ཁུལ་གྱི་ཚན་རིག་ཞིབ་འཇུག་གསར་གཏོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་མངོན་གསལ་དོད་པའི་རིན་ཐང་ལྡན་པའི་ལྟ་བ་ཟབ་མོ་ཆགས་སུ་བཅུག་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་སུ་འཇུག་དགོས།

གླེང་སྟེགས་སྐབས་སུ། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས། སྒུལ་ནུས་གསར་རྙིང་གཞན་སྒྱུར”གྱི་འཕེལ་རྒྱས་འཐབ་ཇུས་དང་སྐབས་གསུམ་པའི་ལུའུ་ཆིན་གླེང་སྟེགས། སྐབས་བདུན་པའི་མཛེས་ལྗོངས་རྒྱུན་མཐུད་ཚན་རིག་གླེང་སྟེགས། སྐབས་གསུམ་པའི་རྒྱལ་ཡོངས་མི་རིགས་སྐྱེ་ཁམས་རིག་པའི་ཚོགས་ཆེན། མཐོ་སྒང་གི་རང་བྱུང་གནོད་འཚེ་བཀག་འགོག་དང་ཉུང་འཕྲིའི་གླེང་སྟེགས། ཀྲུང་གོའི་ས་ཁམས་སློབ་ཚོགས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁ་དང་ཕྱོགས་བསྡུས་གནོད་འཚེ་ཉུང་འཕྲིའི་ཆེད་ལས་ཨུ་ཡོན་ལྷན་ཁང་། “རྒྱུད་གཅིག་ལམ་གཅིག”གི་སློབ་གསོ་དང་ས་ཁོངས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ། གཞི་གྲངས་དཔལ་འབྱོར་རྩེར་སོན་གླེང་སྟེགས་སོགས་ཡན་ལག་གླེང་སྟེགས། “རྒྱུད་གཅིག་ལམ་གཅིག”གི་ས་མཐོའི་སྦྱོང་བརྡར་དང་བདེ་ཐང་དཔྱད་གླེང་བཅས་མཉམ་དུ་སྤེལ་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།