ལིའུ་ཐའོ་ཡིས་སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་ཁྱབ”ལ་རྟོག་ཞིབ་བྱེད་སྐབས་གཏམ་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཆེན་སྲིད་དོན་ཞབས་ཞུ་ལྟ་སྐུལ་དོ་དམ་ཅུའུ་ལ“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ལ་རྟོག་ཞིབ་བྱས་ཏེ། “དྲ་གཅིག་ཀུན་ཁྱབ ་དང་། དོན་གཅིག་ཀུན་སྒྲུབ”ཀྱི་བཅོས་སྒྱུར་དང་དེ་བཞིན་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གནས་ཚུལ་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཡུལ་དངོས་སུ་མཐུན་སྦྱོར་ཚོགས་འདུ་འཚོགས་ནས“དྲ་གཅིག་ཀུན་ཁྱབ”ཀྱི་གཞི་གྲངས་མཉམ་སྤྱོད་བྱ་བར་སྐུལ་འདེད་བཏང་བ་རེད།

ལིའུ་ཐའོ་ཡིས་བསྟན་དོན། “དྲ་གཅིག་ཀུན་ཁྱབ”ཀྱི་བྱ་བར་སྐུལ་འདེད་གཏོང་བར་ཆོད་སེམས་མི་འགྱུར་བ་མཐའ་འཁྱོངས་བྱ་དགོས་ཤིང་། བྱ་བ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས“སྒོ་འབྱེད། དོ་དམ། ཞབས་ཞུ་གསུམ”གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་དང་། ལས་ཁུངས་ཁུ་བསྡུ། དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད། དེ་བཞིན་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་ཤུགས་ཆེན་གཏང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཡིན་པ་ལས། སྒྲུབ་གཉེར་བྱེད་མིན་གྱི་གནད་དོན་ཞིག་མིན་པར་ཇི་ལྟར་བྱས་ནས་ཡག་པོ་བསྒྲུབ་དགོས་པའི་གནད་དོན་ཞིག་ཡིན་ཞིང་། ཁ་ཕྱོགས་མི་འགྱུར་བ་མཐའ་འཁྱོངས་བྱས་ཏེ། 《“དྲ་སྦྲེལ+སྲིད་དོན་ཞབས་ཞུ”དང་། “དྲ་གཅིག་ཀུན་ཁྱབ། དོན་གཅིག་ཀུན་སྒྲུབ”ཀྱི་བཅོས་སྒྱུར་ལག་བསྟར་ཇུས་གཞི》ཡིས་གཏན་འཁེལ་བྱས་པའི་དུས་བཀག་བླང་བྱར་གཞི་བཟུང་སྟེ། བྱ་བར་སྐུལ་འདེད་བཏང་སྟེ་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ས་གནས་དེ་གའི་ཁེ་ལས་ལ་སྟབས་བདེ་བསྐྲུན་དགོས།

ཡིད་ཆེས་ལ་འགྱུར་ལྡོག་མེད་པར་དཀའ་ངལ་ཇི་ཙམ་ཆེ་ཡང་མདུན་དུ་བསྐྱོད་དེ། མི་སེར་གྱི་བྱ་བ་བསྒྲུབ་པར་ཕན་པ་དང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བྱ་བ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སྲིད་དོན་ཞབས་ཞུའི་ལས་སྟེགས་སྦྲེལ་མཐུད་དང་གཞི་གྲངས་མཉམ་སྤྱོད་བྱ་བར་སྐུལ་འདེད་གཏིང་ཟབ་གཏང་དགོས་པ། “དྲ་གཅིག་ཀུན་ཁྱབ”ཀྱི་དོན་ཚན་ནང་བཅུག་མི་རུང་བ་ནི་དམིགས་བསལ་གྱི་དཔེ་རེ་གཉིས་ཙམ་ཡིན་པས་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། བྱ་བའི་ལས་འགན་ཁག་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་པ་དང་སྲིད་དོན་ཞབས་ཞུ་སྟབས་བདེ་ཅན་གྱི་བཅོས་སྒྱུར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཁེ་ལས་དང་མང་ཚོགས་ལ་སྤུས་ཚད་དེ་བས་ལེགས་པ་དང་ཕན་འབྲས་དེ་བས་ཆེ་བའི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱ་དགོས་པ་བསྟན།


ལོ་ཙཱ་བ། གཡང་སྐྱིད།