ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར4.28བཏང་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་ཀར་རྒྱབ་སྐྱོར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།ཉེ་སྔོན། ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.28བཏང་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་ཀར་རྒྱབ་སྐྱོར་དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏང་བ། སློབ་གཉེར་ཆ་རྐྱེན་ལ་ཤུགས་སྣོན་པ། སློབ་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པ་རེད།

ཞིང་ཆེན་ནོར་སྲིད་ཀྱིས་སྒོར་དུང་ཕྱུར2.48བཏང་ནས་འོས་འགན་སློབ་གསོའི་སློབ་གྲྭ་དང་དེ་བཞིན་སློབ་གསོའི་རྨང་གཞི་ཞན་པའི་རྫོང་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ་དང་། འོས་འགན་སློབ་གསོའི་སློབ་གྲྭའི་བཀོད་པ་ལེགས་སུ་བཏང་བ། འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་ས་ཁོངས། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ་བཅས་དབར་གྱི་ཧེ་བག་ཆུང་དུ་གཏང་བ་བཅས་བྱས་ཡོད། གཙོ་བོ་ཙོང་ཁ་རྫོང་དང་སྟོད་པ་གྲོང་རྡལ་ཐང་ཧའེ་སློབ་གྲྭ་དང་དགའ་བདེ་རྫོང་གོང་མ་ཤང་བཅའ་སྡོད་སློབ་གྲྭ་སོགས་འོས་འགན་སློབ་གསོའི་སློབ་གྲྭ་དང་། མཐོ་རིམ་སློབ་འབྲིང་གི་སློབ་ཁྲིད་འཚོ་བའི་སྡོད་ཁང་དང་ལུས་རྩལ་ཐང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། སློབ་གྲྭའི་ཉལ་ཁང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི14.8ཡོད་པ་དེས་རང་ཞིང་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། སློབ་གཉེར་ནུས་པ་དང་ཆུ་ཚད་མཐོ་རུ་ཕྱིན་པ། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

མ་དངུལ་སྒོར་དུང་ཕྱུར1.3བཏང་སྟེ་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ལ་རྒྱབ་སྐྱོར་བྱས་པ་དང་། གཙོ་བོ་མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ལས་རིགས། ཟི་ལིང་གྲོང་ཁྱེར་གྱི་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭ་དང་། ཙོང་ཁ་རྫོང་གི་ལས་རིགས་ལག་རྩལ་སློབ་གྲྭ། གཞོང་ཐང་ཧོར་རིགས་རང་སྐྱོང་རྫོང་བཅས་ཀྱི་ལས་རིགས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དེ་སྤྱིའི་འཛུགས་སྐྲུན་གཞི་ཁྱོན་སྨི་ངོས་གྲུ་ཁྲི6.7དང་འབྲེལ་བ་ཡོད་པ་དང་། མ་དངུལ་སྒོར་ཁྲི5000བཏང་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་མི་རིགས་རིག་གནས་རྒྱུན་འཛིན་སློབ་ཁྲིད་ཀྱི་དངོས་སྦྱོང་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས་དང་། མཚོ་སྔོན་མི་རིགས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་སློབ་ཁྲིད་ཚོད་ལྟའི་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ་དེ་སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་ཁྲི3.2དང་འབྲེལ་བ་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།