མཚོ་ནུབ་ཁུལ་གྱི2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་ཤིང་། ཚྭ་ཁའི“མཁའ་དབྱིངས་ཨང་རྟགས་དང་པོ”ཞེས་པའི་ལྗོངས་ཁུལ་སྒོ་དབྱེས།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ7པའི་ཚེས11ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་ཚྭ་ཁའི“མཁའ་དབྱིངས་ཨང་རྟགས་དང་པོའི”མཛེས་ལྗོངས་ཁུལ་སྒོ་ཕྱེ་བའི་མཛད་སྒོ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་འཚོགས་པ་རེད། ཐེངས་འདིའི་ཡུལ་སྐོར་རིག་གནས་དུས་ཆེན་གྱིས་ཚྭ་ཁའི“མཁའ་དབྱིངས་ཨང་རྟགས་དང་པོའི”མཛེས་ལྗོངས་ཁུལ་སྒོ་ཕྱེ་བའི་གོ་སྐབས་དང་བསྟུན་ནས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་དེ། ཡུལ་སྐོར་བར་མཚོ་ནུབ་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཏེ། མཚོ་ནུབ་ཀྱི་མཛེས་ལྗོངས་དང་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏང་རྒྱུ་ཡིན་པ་རེད།

“མཁའ་དབྱིངས་ཨང་རྟགས་དང་པོའི”མཛེས་ལྗོངས་ཁུལ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་གནས་ཤིང་། ཚྭ་ཁ་ཚྭ་མཚོའི“ནམ་མཁའི་མེ་ལོང”མཛེས་ལྗོངས་ཁུལ་དང་མཉམ་དུ་ཡོད། ལོ་གསུམ་རིང་གི་གསར་སྤེལ་འཛུགས་སྐྲུན་དང་ཉེ་བའི་ལོ་གཅིག་གི་ཚོད་ལྟའི་ལས་གཉེར་དེ་ཚེས11ཉིན་དངོས་སུ་དམངས་ཚོགས་ལ་སྒོ་ཕྱེས་པ་རེད། མཛེས་ལྗོངས་ཁུལ་གྱི་འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་ངོས་སྤྱི་ལེ་གྲུ་བཞི་མ14.19ཟིན་ཡོད་ཅིང་། འཆར་འགོད་སྤྱིའི་མ་དངུལ་སྒོར་དུང་ཕྱུར6.2ཡིན་ཞིང་། ད་ལྟའི་ཆར། མ་དངུལ་སྒོར་དུང་ཕྱུར5བཏང་ཡོད་པ་རེད། མཛེས་ལྗོངས་ཁུལ་གྱི་བཀོད་སྒྲིག་ཐད་འཇུག་སྒོའི་རྣམ་པ་འགྲེམས་སྟོན་དང་། ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ། ཚྭ་སྔོན་རིག་གནས་མྱོང་ཚོར། འདམ་རར་ལྟ་སྐོར་དང་དེ་བཞིན་གསར་གཏོད་རིག་གནས་སོགས་ནུས་པ་དང་ཉམས་ལེན་ས་ཁོངས་ལྔ་རུ་ཕྱེས་ཡོད་པ་རེད།

མཚོ་སྔོན་ཚྭ་ཁ་ནམ་མཁའ་ཨང་རྟགས་དང་པོ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། དེ་ནི་ཚྭ་མཚེའུ་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱས་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཕན་ཡོད་ཚོད་ལྟ་ཧུར་ཐག་བྱས་པ་ཞིག་རེད། མཛེས་ལྗོངས་ཁུལ་གྱིས་ཚྭ་ཁུ་རིག་གནས་ལྟེ་བར་བྱས་ཏེ། ཏེ་ཏུའུ་སོག་རིགས་དང་ས་རྒོད་གསར་སྦོལ་རིག་གནས་སོགས་གཞི་རྒྱུ་མཉམ་འདྲེས་བྱས་ནས་ལུས་གསོ་སྤྲོ་གསེང་ཡུལ་སྐོར་རྟེན་གཞི་བསྐྲུན་པ་ཡིན་ལ། དེས་ས་ཁོངས་ཐོན་ཁུངས་དང་། ཐོན་ལས། ཚྭ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

བྱེད་སྒོའི་ཉིན་དེར། ངོ་མཚར་ཆེ་བའི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་བྱེད་སྒོ་དང་སྐྱེད་ཚལ་སྒོ་དབྱེའི་མཛད་སྒོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་དང་ས་གནས་དེ་གའི་མང་ཚོགས་མང་པོའི་ཡིད་དབང་བཀུག་ཡོད། ཆུ་ཚོད16བར། ཡུལ་སྐོར་པ་མི་ཁྲི1.5ལས་བརྒལ་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།