མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་ “དུས་ཆེན་གཉིས”་སྐབས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དཀའ་ངལ་ཅན་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་བ་དང་2019ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིང་〔2018〕ཨང175པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང། ཅུས་སོ་སོ་བཅས་ལ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་བར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དཀའ་ངལ་ཅན་གྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་སྐུལ་འདེད་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ད་ལྟ་སྤྱི་རྩིས་ཀྱི་ལོ་སར་དང་ཧོར་རྩིས་ཀྱི་ལོ་སར་གཉིས་(གཤམ་དུ“དུས་ཆེན་གཉིས་”ཞེས་བསྡུས།)ཀྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་དཀའ་ངལ་ཅན་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་བ་དང་2019ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ལེགས་སྒྲིག་གམ་ཇེ་མཐོར་གཏོང་བའི་སྐོར་གྱི་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག “དུས་ཆེན་གཉིས”ཀྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་དཀའ་ངལ་ཅན་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་རྒྱུ།

(གཅིག) སྟེར་བྱའི་ཁྱབ་ཁོངས། ད་སྔ་ཟིན་ཐོར་བཀོད་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ། རྒྱལ་ཁབ་ཀྱི་འཆི་གོད་གྱོང་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ། རྒྱལ་ཁབ་དབུ་མ་བརྙེས་གོང་གི་ཏང་ཡོན་རྒན་གྲས་བཅས་ཡིན།

(གཉིས) སྟེར་བའི་ཚད་གཞི། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཡིན་ན་མི་རེར་སྒོར་500དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ཡིན་ན་མི་རེར་སྒོར་400དང་། རྒྱལ་ཁབ་ཀྱི་འཆི་གོད་གྱོང་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་དང་རྒྱལ་ཁབ་དབུ་མ་བརྙེས་གོང་གི་ཏང་ཡོན་རྒན་གྲས་ཡིན་ན་མི་རེར་སྒོར་560སྟེར་དགོས།

(གསུམ) མ་དངུལ་བཀོད་སྒྲིག ཐེངས་འདིའི་“དུས་ཆེན་གཉིས་”ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་བར་མཁོ་བའི་མ་དངུལ་ནི་ས་གནས་སོ་སོའི་མང་ཚོགས་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་མ་དངུལ་གྱི་གསོག་རྩིས་ལྷག་འཕྲོའི་ནང་ནས་གཏོང་སྤྲོད་བྱེད་དགོས།

(བཞི) སྟེར་བའི་དུས་ཡུན། “དུས་ཆེན་གཉིས་”ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་བ་དེ་2018ལོའི་ཟླ་12པའི་ཚེས་20ཉིན་གྱི་སྔོན་ལ་སྤྱི་ཚོགས་ཅན་གྱི་བྱེད་སྟངས་བརྒྱུད་ནས་སོ་སོའི་ལག་ཏུ་འཕྲོད་དགོས།

གཉིས། 2019ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ལེགས་སྒྲིག་དང་ཇེ་མཐོར་གཏོང་རྒྱུ།

(གཅིག) ཚད་གཞི་ཇེ་མཐོར་གཏོང་བ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་སྡོད་དམངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་80ཇེ་མཐོར་བཏང་ནས། ཆ་སྙོམས་ཀྱིས་ཟླ་རེར་སྒོར་580སླེབ་པར་བྱེད་དགོས། ཚད་གཞི་ཇེ་མཐོར་བཏང་རྗེས། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ནི། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ་དུ་ཟླ་རེར་སྒོར་583དང། མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་དུ་ཟླ་རེར་སྒོར་573དང་། མཚོ་ཤར་གྲོང་ཁྱེར་དུ་ཟླ་རེར་སྒོར་568དང་། རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ་དུ་ཟླ་རེར་སྒོར་588ཡིན། ད་ཡོད་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་ཟླ་རེར་སྒོར་80ལྟར་བབ་མཚུངས་ཀྱིས་གསབ་དངུལ་སྟེར་ཚད་ཇེ་མཐོར་གཏོང་དགོས།

ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་600ཇེ་མཐོར་བཏང་ནས། ཆ་སྙོམས་ཀྱིས་ལོ་རེར་སྒོར་4300(ཟླ་རེར་སྒོར་358)ལ་སླེབ་པར་བྱེད་དགོས། ཚད་གཞི་ཇེ་མཐོར་བཏང་རྗེས། རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་གསབ་དངུལ་ལ་དོན་དངོས་ལྟར་ཆད་ལྷག་ཁ་གསབ་བགྱིད་པའི་ས་ཁུལ་དུ། ད་ཡོད་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་ལོ་རེར་སྒོར་600(ཟླ་རེར་སྒོར་50)ལྟར་གསབ་དངུལ་སྟེར་ཚད་ཇེ་མཐོར་གཏོང་དགོས། ཆ་རྐྱེན་མི་འཛོམས་པའི་ས་ཁུལ་དུ་རིམ་གདང་དབྱེ་ནས་གསབ་དངུལ་སྟེར་ཐབས་ལག་བསྟར་བྱས་ཆོག་སྟེ། དེ་ལས་ཁྱིམ་ཚང་གི་བཟའ་མི་གཙོ་བོའི་ངལ་རྩོལ་ནུས་པའམ་འཚོ་བ་རང་ལྕོགས་ནུས་པ་ཡོངས་སུ་ཉམས་པའི་ཁྱིམ་ཚང་དཀའ་ངལ་ཅན་(Aརིགས)ལ། ལོ་རེར་མི་རེར་སྒོར་4200(ཟླ་རེར་མི་རེར་སྒོར་350)ལས་མི་དམའ་བའི་གསབ་དངུལ་སྟེར་དགོས། ཁྱིམ་ཚང་གི་བཟའ་མི་གཙོ་བོའི་ངལ་རྩོལ་ནུས་པའམ་འཚོ་བ་རང་ལྕོགས་ནུས་པ་ཆ་ཤས་ཉམས་པ་དང། ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་འགན་སྲུང་ཚད་གཞི་ལས་དམའ་བར་མ་ཟད་ཁྱིམ་ཚང་གི་རྒྱུ་ནོར་ཡང་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་ཁྱིམ་ཚང་ཅུང་དཀའ་ངལ་ཅན་(Bརིགས)ལ། ལོ་རེར་མི་རེར་སྒོར་3600(ཟླ་རེར་མི་རེར་སྒོར་300)ལས་མི་དམའ་བའི་གསབ་དངུལ་སྟེར་དགོས། རྒྱུ་རྐྱེན་གཞན་དག་གི་དབང་གིས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་འགན་སྲུང་ཚད་གཞི་ལས་དམའ་བར་མ་ཟད་ཁྱིམ་ཚང་གི་རྒྱུ་ནོར་ཡང་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་སྤྱིར་བཏང་གི་ཁྱིམ་ཚང་དཀའ་ངལ་ཅན་(Cརིགས)ལ། ལོ་རེར་མི་རེར་སྒོར་2400(ཟླ་རེར་མི་རེར་སྒོར་200)ལས་མི་དམའ་བའི་གསབ་དངུལ་སྟེར་དགོས།

(གཉིས) མ་དངུལ་བཀོད་སྒྲིག ཐེངས་འདིའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བར་མཁོ་བའི་མ་དངུལ་ནི་ས་གནས་སོ་སོའི་མང་ཚོགས་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་མ་དངུལ་དང་གསབ་དངུལ་གྱི་ནང་ནས་གཏོང་དགོས། ས་གནས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་མ་དངུལ་བསྡུ་རུབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། བླང་བྱ་ལྟར་ཆ་འགྲིག་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བ་ནུས་ལྡན་སྒོས་འགན་སྲུང་ལེགས་པོ་བྱེད་དགོས།

(གསུམ) ལག་བསྟར་དུས་ཚོད། ཚད་གཞི་གསར་པ་2019ལོའི་ཟླ་1པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

གསུམ། བྱ་བའི་བླང་བྱ།

(གཅིག) ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་སྤྲོད་དང་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཐོང་ཆེན་ཚད་མཐོ་བྱེད་ཅིང། འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། གཞོགས་འདེགས་དམ་ཟབ་བགྱིད་པ་བཅས་ཀྱི་སྒོ་ནས། དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་མ་དངུལ་སྟེར་སྤྲོད་མངོན་འགྱུར་གྱི་བྱ་བ་དམ་འཛིན་གྱིས་ལེགས་པོར་བསྒྲུབས་ཏེ། 2018ལོའི་ཟླ་12པའི་ཚེས་20ཉིན་གྱི་ཡར་སྔོན་དུ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་ཁ་ཚང་མང་ཚོགས་དཀལ་ངལ་ཅན་གྱི་ལག་ཏུ་འཕྲོད་པ་དང་། 2019ལོའི་ཟླ་1པའི་ཟླ་མཇུག་གི་ཡར་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བའི་ལས་འགན་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལས་དབང་པོ་སྐྱོན་ཅན་ཚབས་ཆེན་དང། ནད་གཞི་ཚབས་ཆེན་ཕོག་པ། ཧྲིལ་ལོ་60ཡན་གྱི་བགྲེས་སོང་། ཧྲིལ་ལོ་18མན་གྱི་ནར་མ་སོན་པའི་མི་བཅས་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞིའི་15%ལྟར་རིགས་དབྱེ་འགན་སྲུང་མ་དངུལ་དོན་འཁྱོལ་བྱེད་དགོས། ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་སྤྲོད་བྱས་པའི་གནས་ཚུལ་ཟླ་12པའི་ཚེས་22ཉིན་གྱི་ཡར་སྔོན་དུ་ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་ལ་ཡར་ཞུ་བྱེད་དགོས།

(གཉིས) སྟེར་སྤྲོད་ལས་རིམ་ཚད་ལྡན་དུ་གཏོང་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འཚོ་བའི་གསབ་དངུལ་སྟེར་སྤྲོད་དང་དོ་དམ་བྱ་བར་དངོས་གནས་ཤུགས་སྣོན་བརྒྱབ་སྟེ། སྟེར་སྤྲོད་བྱ་ཡུལ་གྱི་ཐོབ་ཐང་ཞིབ་འབེབས་ནན་པོ་བྱེད་པ་དང། སྟེར་སྤྲོད་ལས་རིམ་ཚད་ལྡན་དུ་གཏོང་བ། སྟེར་སྤྲོད་ཚད་གཞི་དང་ཁྱབ་ཁོངས་དང་ལོངས་སུ་སྤྱོད་མཁན་དུས་ཐོག་ཁྱབ་བསྒྲགས་བྱེད་པ་དང། མཚོ་སྔོན་ཞིང་ཆེན་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཆ་འཕྲིན་མ་ལག་ནས་སྟེགས་ཐོ་བཟོས་ཤིང་གཅིག་གྱུར་གྱིས་སྟེར་སྤྲོད་བྱས་ཏེ། སྟེར་སྤྲོད་ཀྱི་བྱ་བ་ཡོངས་བསྒྲགས་དང་དྲང་གཞག་དང་ཀུན་གསལ་ཡིན་པར་ཁག་ཐེག་བྱེད་དགོས།

(གསུམ) མ་མཐའི་འཚོ་བ་འགན་སྲུང་ལ་འགུལ་རྣམ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བ་དང་སྦྲགས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་ཁུངས་ཆོད་རྩད་ཞིབ་བྱེད་པའི་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས་པ་དང་། ཚད་གཞི་ཇེ་མཐོར་བཏང་རྗེས་མ་མཐའི་འཚོ་བ་འགན་སྲུང་གི་ཆ་རྐྱེན་ཚང་བའི་གྲོང་ཁྱེར་གྲོང་གསེབ་ཀྱི་མང་ཚོགས་དཀའ་ངལ་ཅན་རྣམས་དུས་ཐོག་ཏུ་མ་མཐའི་འཚོ་བ་འགན་སྲུང་ཁྱབ་ཁོངས་སུ་འཇུག་དགོས། དེ་དང་ཆབས་ཅིག་ཏུ། གཏོང་སྤྲོད་ཅན་གྱི་དབུལ་ཕོངས་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དེ་ལས་ནད་ཕོག་པ་དང་དབང་བོ་སྐྱོན་པ་སོགས་ཀྱི་རྐྱེན་གྱིས་དུས་ཡུན་རིང་བོར་གཏོང་སྤྲོད་ཅན་གྱི་དབུལ་ཕོངས་སུ་གྱུར་པའི་ཁྱིམ་ཚང་དུས་ཐོག་ཏུ་མ་མཐའི་འཚོ་བ་འགན་སྲུང་ཁྱབ་ཁོངས་སུ་འཇུག་དགོས།

(བཞི) སྲིད་ཇུས་དྲིལ་བསྒྲགས་ནན་ཏན་གྱིས་ལེགས་པོར་འཛིན་དགོས།“དུས་ཆེན་གཉིས་”ཀྱི་སྐབས་སུ་གྲོང་ཁྱེར་གྲོང་གསེབ་ཀྱི་མང་ཚོགས་དཀའ་ངལ་ཅན་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་གསབ་དངུལ་སྟེར་བ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་བ་ལས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་དཀའ་ངལ་ཅན་ལ་ཐུགས་ཁུར་དང་བརྩེ་སེམས་བླ་མེད་གནང་བར་མཚོན་ཡོད། ས་གནས་སོ་སོས་རྣམ་པ་མི་འདྲ་བ་སྣ་ཚོགས་བརྒྱུད་ནས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་དཀའ་ངལ་ཅན་ལ་དམངས་འཚོར་གཟིགས་སྐྱོང་དང་དམངས་སྡུག་སེལ་ཐབས་བྱེད་པའི་སྲིད་ཇུས་འདི་དུས་ཐོག་ཏུ་ཤེས་སུ་བཅུག་ནས། མང་ཚོགས་དཀའ་ངལ་ཅན་ལ་ཐུགས་ཁུར་དང་རོགས་སྐྱོར་གནང་བའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཆགས་པར་བྱེད་དགོས། དེ་དང་ཆབས་ཅིག་ཏུ། ཡོང་འབབ་དམའ་བའི་མང་ཚོགས་གཞན་དག་གི་འཚོ་བའི་གནས་ཚུལ་ལའང་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། དེ་དག་ལས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་དང་ཁྱིམ་ཚང་ལ། དུས་ཐོག་ཏུ་སྐབས་འཕྲལ་རོགས་སྐྱོབ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་དཀའ་ངལ་སེལ་ཐབས་བྱེད་དགོས།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང།

2018ལོའི་ཟླ་12པའི་ཚེས་10ཉིན།