གསེར་ཉའི་གཞིས་ཁྱིམ་གྱི་ལྟད་མོ།། ཁྱོད་ཀྱི་ལོངས་སྤྱོད་དུ་བསམ་ཆོག།

བོད་མཁར་རྐང་ཚའི་སྐྱེ་ཁམས་ལེགས་བཅོས་ཐད་ལ་ལོ་མང་བོར་འབད་འབུངས་ཧུར་ཐག་དང་། དམངས་ཡོངས་ཀྱི་འདུ་ཤེས་དང་ཀུན་སྤྱོད་ལེགས་པས། བོད་མཁར་རྐང་ཚ་ནི་སྔར་ལས་མཛེས་ཤིང་ལྟ་ན་སྡུག་ལ། ནགས་ཚལ་དང་རྩྭ་ཐང་གི་ཁ་དོག་རྣམ་པར་བཀྲ་བའི་རང་བྱུང་གི་གྱོན་ཆས་སྣ་ཚོགས་ལུས་སུ་བསྣམས་ཡོད་པ་ཞིག་ཡིན་པ་མ་ཟད། གནས་འདི་རུ་འདབས་ཆགས་དང་ཉ་མོ་མང་བས། གནས་འདི་ལ་བྱ་དང་ཉ་ཡི་ཞིང་ཁམས།། མཚོ་ངོགས་བོད་མཁར་རྐང་ཚ་ཞེས་མིང་གི་ཆོ་ལོ་བསྩལ་ཡོད་པ་རེད། ལྷག་པར་དུ་ལོ་རེའི་ཟླ5བ་ནས7པའི་ནང་ཉ་ཕྲུག་སྐྱེ་འཕེལ་གྱི་མགོ་བརྩམས་ཏེ། གནས་འདི་རུ་གསེར་མིག་ཉ་མོའི་འཁྱུག་འགྲོས་མངོན་པས། ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་གནས་སྐོར་ལྗོངས་རྒྱུ་བ་དག་གི་མིག་དབང་ཅིག་ཅར་ཏུ་འཕྲོག་ལ། འདི་ནི་ཁོ་ཚོའི་སེམས་ཀྱི་ལོངས་སྤྱོད་ཅིག་ཅི་ལ་མིན།

གསེར་མིག་གཤོག་དྲུག་ཉ་མོའི་འཁྱུག་འགྲོས།

མ་བོས་མགྲོན་པོ་གལ་ཆེན་ཟེར།

འདབ་ཆགས་བྱ་ཡི་ཞིང་ཁམས།

ཉེ་བའི་ལོ་འདི་དག་གི་རིང་ལ་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་ཐུགས་ཁུར་འོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམིགས་སུ་བཟུང་སྟེ། གནས་འདི་རུ་གསེར་ཉ་རྒྱུན་ལྡན་ངང་ཕྱིར་ལྡོག་པར་ཁག་ཐེག་བྱ་ཆེད་ཉ་ཕྲུག་གསོ་སྤེལ་ར་བ་དང་། གསེར་ཉ་ཕྱིར་ལྡོག་གི་བགྲོད་ལམ། ཆུ་མཛོད་སོགས་བསྐྲུན་ཏེ་སྔར་ལས་ལྷག་པའི་སྒོ་ནས་གསེར་ཉ་ཕྱིར་ལྡོག་པར་ཕན་བདེ་བསྐྲུན་ཡོད་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་གྲུབ་འབྲས་ཀྱང་མངོན་གསལ་བླངས་ཡོད་པ་རེད།

གླུ་གར་གྱི་ལྟད་མོར། ཡིད་སྤྲོ་བས་ཁེངས་ཡོད།།

སྦྲ་རྒན་དུད་པ་ཅན་པོ།། འཚོ་བའི་མངར་ཁ་འཁྱིལ་ཡོད།།

སེམས་ཀྱི་སྲོག་བླུ་ཐེངས་ཤིག། དད་པའི་ཞིང་སར་སྨིན་ཤོག།

འདི་ན་མཛེས་པའི་ལྟད་མོ་ཡོད་ལ།།འདི་ན་སེམས་ཀྱི་ལོངས་སྤྱོད་ཡོད་དོ།།

ཡུལ་འདིའི་མང་ཚོགས་དང་གསེར་ཉ་སྲུང་སྐྱོབ་ལས་བྱེད་མི་སྣ་དག་ལས་རྒྱུས་ལོན་བྱུང་བ་ལྟར་ན། གསེར་ཉ་ལ་མཚོན་ན་ཚོགས་པ་རང་བཞིན་དང་ཁྱིམ་རྒྱུད་ཀྱི་རང་བཞིན་སོགས་རྣམ་པ་མང་ལ། ཆུའི་སྤུས་ཚད་དང་རྩྭའི་སྤུས་ཚད་མི་འདྲ་བའི་ཆ་རྐྱེན་འོག་ཏུ་གསེར་ཉ་ཕྱིར་ལྡོག་བྱེད་པའི་གནས་ཚུལ་ཡང་མི་འདྲའོ། ཉིན་འདི་གར་རྒྱུས་ལོན་བྱས་པ་ལྟར་ན་རྐང་ཚའི་བུ་ཧ་ཆུ་བོ་དང་འོམ་ཆུ་ཆུ་བོ་སོགས་མཚོ་སྔོན་པོའི་ནང་དུ་འབབ་པའི་ཆུ་རྒྱུན་དག་ཏུ་གསེར་མིག་ཉ་མོའི་འཁྱུག་འགྲོས་མངོན་ལ། ཉ་ཕྲུག་སྐྱེ་འཕེལ་གྱི་མགོ་བརྩམས་ཏེ་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་ཡི་རྣམ་པ་འདིའི་བོད་མཁར་རྐང་ཚའི་སྐྱེ་ཁམས་ལེགས་བཅོས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོན་ཡོད་པས། མིག་སྔར་ཕྱིར་འོང་མགྲོན་པོ་ཉིན་རེར་མི500ཡས་མས་སུ་སླེབས་ལ། སྤྱིའི་མགྲོན་པོའི་ཁ་གྲངས་ནི་ཉིན་རེར་མི1000ལས་བརྒལ་འདུག་ཟེར། དེ་བས་གནས་འདི་རུ་ཡུལ་སྐོར་ལྗོངས་རྒྱུ་བ་དག་གི་མིག་དབང་འཕྲོག་ཅིང་སེམས་ཀྱི་ལོངས་སྤྱོད་དུ་གདམས་ཆོག་པའི་ཉ་དང་བྱ་ཡི་ཞིང་ཁམས་ཞེས་པའི་མིང་དོན་མཚུངས་བའི་ཡུལ་གྱི་ཁྱད་ཆོས་གསོན་པོ་ཕྱིར་མངོན་འདུག དུས་སྐབས་འདི་ནི་ཡུལ་སྐོར་ལྗོངས་རྒྱུ་བ་དག་ལ་མཚོན་ན་གསེར་ཉ་ཕྱིར་ལྡོག་ལ་གཟིགས་པའི་ཆེས་ལེགས་པའི་དུས་ཚིགས་ཤིག་ཡིན།

གསར་འགོད་པ། ཚེ་དབང་རིག་འཛིན། ཚེ་རིང་སྒྲོལ་མ། པར་ལེན་པ། ཚེ་དབང་རིག་འཛིན།