དམངས་ཕན་རྣམ་གྲངས་ལག་བསྟར་དངོས་འབེབས་ཀྱིས་ཁྱིམ་ཚང84ཡི་སེམས་ཁྲལ་སེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཞིང་ཆེན་མཁར་གྱི་ལྔ་བཞིའི་སྲང་ལམ76པ་དང་སྲང་ལམ78ནི་ཐོག་སོ་རྙིང་བའི་ར་སྐོར་ཞིག་སྟེ། དགུན་ཁར་དྲོད་རླངས་ལ་བརྟེན་པ་དང་ཆུ་རིན་ཅུང་མཐོ་བ། བཙོག་ཆུ་འཁེག་པ་བཅས་ནི་སྡོད་དམངས་ཀྱི་སེམས་ཁྲལ་དོན་དག་ཅིག་ཡིན། དེ་ཡང་ཧྲིན་ལཱེ་ལམ་དོན་གཅོད་ཁྲུའུ་དང་འགྲིམ་འགྲུལ་སྲང་ལམ་ནུབ་མའི་གཞིས་ཁུལ་གཉིས་ཀྱིས་ཐེངས་མང་ལ་གྲོས་སྡུར་བྱས་པ་བརྒྱུད། ཐོག་ཁང་རྙིང་བ་འདི་གཉིས་ཀར་དམངས་ཕན་ལས་གཞི་བརྩོན་ལེན་ཐུབ་པར་གྱུར་པ་དང་གཞིས་ཁུལ་གྱི་སྡོད་དམངས84ཡི་སེམས་ཁྲལ་དོན་དག་དེ་མཇུག་མཐར་ཐག་གཅོད་ཐུབ་པར་གྱུར།

གཞིས་ཁུལ་གྱི་དྲོད་རླངས་མཁོ་སྤྲོད་བཅོས་སྒྱུར་གནད་དོན་དེ་སྡོད་དམངས་མི་སྒེར་གྱི་ཁེ་ཕན་ལ་འབྲེལ་བ་ཡོད། ཟླ5པའི་ཚེས13ཉིན་ནས་ཚེས16བར་གྱི་དགོང་མོ་འགའ་ལ་འགྲིམ་འགྲུལ་སྲང་ལམ་ནུབ་མའི་གཞིས་ཁུལ་གྱི་ཏང་ཨུ་དང་གཞིས་ཁུལ་ཏང་ཀྲི་པུའུ་རྩ་འཛུགས་ཀྱིས་ཐོག་ཁང་རྙིང་བའི་རྨང་གཞིའི་སྒྲིག་ཆས་བཅོས་སྒྱུར་བྱ་བའི་ཡུལ་དངོས་གྲོས་ཚོགས་བསྡུས་ནས། མི་དམངས་ཀྱི་སེམས་འདུན་རྩད་གཅོད་དང་བསམ་འཆར་བསྡུ་ལེན། ཁྱིམ་ཐོ་ཅན་གྱིས་མིང་རྟགས་བཀོད་པ་སོགས་ཀྱི་བྱ་བ་རབས་དང་རིམ་པ་མང་པོ་སྒྲུབ། དྲོད་རླངས་བཅོས་སྒྱུར་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱས་ཤིང་སྡོད་དམངས་ཡོད་ཚད་ཀྱིས་བཅོས་སྒྱུར་གྱི་བྱེ་བྲག་ནང་དོན་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ལ་རྒྱུས་ལོན་བྱས། གཞིས་ཁུལ་དུ་རླངས་དབུགས་ཀུང་ཟིའི་འགན་ཁུར་མི་སྣ་གདན་འདྲེན་ཞུས་ཏེ། སྡོད་དམངས་དག་ལ་ཡུལ་དངོས་ནས་དོགས་གཞི་སེལ་བཀྲོལ་དང་རང་བྱུང་རླངས་དབུགས་སྒྲིག་འཇུག་དགོས་མཁོ། ཐོག་མའི་འགྲོ་སོང་སྔོན་དཔག་སོགས་ལ་འགྲེལ་བཤད་གསལ་བོ་ཞིག་བྱས། དེ་དང་ཆབས་ཅིག་གཞིས་ཁུལ་གང་དེས་རང་བྱུང་སོལ་རླངས་ལག་བསྟར་འཆར་གཞི་གཏན་ཁེལ་བྱས་ཏེ་ཡུལ་དངོས་སུ་བསམ་འཆར་ལ་མིང་རྟགས་བཀོད་བྱའི་གན་རྒྱ་མར་བཀྲམ་པས་སྡོད་དམངས་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་མིང་རྟགས་བཀོད་དེ་གཏན་ཁེལ་བྱས། གཞིས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ལ་བཅོས་སྒྱུར་བྱེད་པའི་རྣམ་གྲངས་དེ་ཟླ6ཚེས11ཉིན་ནས་བཟུང་དངོས་སུ་བཟོ་སྐྲུན་བྱ་བའི་འགོ་བརྩམས་ཤིང་། བཟོ་སྐྲུན་བདེ་བླག་ངང་ལག་བསྟར་ཡོངས་འགྲུབ་བྱུང་བར་ཁག་ཐེག་བྱ་ཆེད། བཟོ་སྐྲུན་ཡར་སྔོན་དུ་གཞིས་ཁུལ་གང་དེའི་སྔོན་ལ་བསྒྲགས་ཡིག་བརྡ་ཐོ་སྦྱར་ཏེ་སྡོད་དམངས་དག་ཡུལ་དུ་འདུག་དགོས་པ་དང་བཟོ་སྐྲུན་གྱི་སྐབས་སུ་གཞིས་ཁུལ་གྱིས་དུས་ཚོད་གཏན་ཁེལ་བྱས་ནས་བྱ་བའི་འཕེལ་རིམ་གྱི་གསལ་སྒྲོག་གྲོས་ཚོགས་བསྡུས་ནས། དུས་ལྟར་གནད་དོན་ཐག་གཅོད་བྱས་ཏེ་རིམ་པ་རྗེས་མའི་དུས་རིམ་གྱི་བྱ་བ་བཀོད་སྒྲིག་བྱས། གཞིས་ཁུལ་དང་ཏང་ཡོན་དང་བླངས་མཁན་གྱིས་གྲུབ་པའི་མང་ཚོགས་ཀྱི་ལྟ་སྐུལ་ཚོ་ཆུང་དང་བཅོས་སྒྱུར་ལས་གཞི་ཡིས་བྱ་བའི་འཕེལ་རིམ་ལ་ལྟ་སྐུལ་མཛུབ་སྟོན་སྒོས་བཟོ་སྐྲུན་ལག་བསྟར་གྱི་འཕེལ་རིམ་དང་སྤུས་ཚད་ལ་འགན་སྲུང་བྱས། ད་ལྟ་གཞིས་ཁུལ་གང་དེའི་སྡོད་དམངས84ལ་རིག་ནུས་ཆུའི་རེའུ་མིག་བཅོས་སྒྱུར་བྱེད་པ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་། སའི་སྟེང་འོག་གཉིས་ཀྱི་ཆུ་འདྲེན་སྦུ་གུའི་བཅོས་སྒྱུར་ཡང་ལག་བསྟར་བྱེད་བཞིན་པའི་སྐབས་ཡིན།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། འགྲིམ་འགྲུལ་སྲང་ལམ་ནུབ་མའི་གཞིས་ཁུལ་གྱི་ཏང་ཨུ་ཡིས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཆེ་སའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཆུང་སའི་སྡོད་དམངས་ཁྱིམ་བདག་གི་ཞན་ཆར་སྙོམས་སྒྲིག་བྱས། གང་ཡིན་ས་རུ་ཀྲི་པུའུ་ཡི་བྱེད་ནུས་དང་ཏང་ཡོན་སྔོན་ཐོན་མིག་དཔེ་ཡི་བྱེད་ནུས་ཐོན་དུ་བཅུག་ནས། ཏང་དང་མང་ཚོགས་བར་ལ་སེམས་དང་སེམས་པ་སྦྲེལ་བའི་སྒྲོམ་གཞི་བཙུགས་སྟེ། དུས་ལྟར་སྡོད་དམངས་དག་གི་དཀའ་ཁག་ཆེ་བའི་གནད་དོན་ཐག་གཅོད་བྱས་ཏེ་སྡོད་དམངས་ལ་ངོས་འཛིན་བྱེད་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།