རྒྱལ་ཡོངས་བོད་ལུགས་སྨན་གྱི་ཁམས་གསོ་ཐོག་མ་དེ་ཟི་ལིང་དུ་འཛུགས་སྐྲུན་བེད་སྤྱོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ7ཚེས10ཉིན། རྒྱལ་ཡོངས་བོད་ལུགས་སྨན་གྱི་ཁམས་གསོ་ཐོག་མ་དེ་ཟི་ལིང་གི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་སྐྱེ་དངོས་ཁུལ་དུ་འཛུགས་སྐྲུན་བེད་སྤྱོད་བྱས་པ་རེད། ལས་གཞི་དེས“སྨན་གསོ་ཟུང་འབྲེལ”གྱི་རྣམ་པ་གསར་བའི་རྣམ་གཞག་དང“རྒན་གསོའི་གསོ་བཅོས་གླིང+བོད་སྨན་ཁང”ངོ་བོ་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྲིག་གཞི་ཤིག་ཡིན་ལ། རང་ཞིང་གི་ཀྲུང་བོད་ལུགས་སྨན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་མངོན་འགྱུར་འཕེལ་རྒྱས་ཁྲོད་ཀྱི་གོ་རིམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་གྱི་ཀྲུང་བོད་ལུགས་སྨན་རྫས་ཀྱི་བྱ་གཞག་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཁྲོད་ཀྱི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད།

རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ16000ཡོད་པ་དང་རྒན་གསོའི་ཁང་མིག་གྱན200 མལ་ཁྲི500བཅས་མཁོ་སྤྲོད་བྱས་ཤིང་། བོད་ལུགས་གཏར་ཁའི་བཅོས་ཐབས་དང་སྐམ་ཁབ་ཀྱི་བཅོས་ཐབས། མེ་བཙའི་བཅོས་ཐབས། རླངས་ལུམས་བཅོས་ཐབས། སྨན་ལུམས་བཅོས་ཐབས་སོགས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་ཁྱད་ལྡན་བཅོས་ཐབས་དང་ལེན་བྱེད་པ་དང་ཆབས་ཅིག ད་རུང་རྒན་གསོའི་སྒྲིག་གཞི་ལས་གཞིས་སྡོད་བྱས། འཇིགས་མེད་བོད་སྨན་སྡེ་ཚོགས་འཛུགས་སྐྲུན་གྱི་བོད་སྨན་ཁམས་གསོ་ཁང་ལ་ལྟ་སྐོར་གཟིགས་ཞིབ་བྱས་རྗེས། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་ཀྱི་བདག་དོམ་ཅུའུ་ཡི་ཐོན་ལས་སྟེགས་བུ་ཁྲུའུ་ཡི་ཁྲུའུ་ཀྲང་བཙུན་ཡོན་གྱིས་བཤད་རྒྱུར། “མཚོ་སྔོན་བོད་སྨན་གྱིས་རང་སྟེང་གི་ལེགས་ཆ་འདོན་སྤེལ་བརྒྱུད་དེ། སྨན་རྫས་འདེབས་འཛུགས་ལས་སྣོན་དང་བོད་ལུགས་སྨན་རྫས། བོད་སྨན་ཁང་དང་སྨན་གསོའི་ཞབས་ཞུ་མཉམ་བསྲེས་བྱས་ཏེ། བོད་ལུགས་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་བྱ་བར་སྐུལ་འདེད་སྒོས་བོད་ལུགས་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། སྲིད་གཞུང་དང་སྤྱི་ཚོགས། ཚོང་ར་བཅས་ཀྱི་སྟོབས་ཤུགས་བསྡུ་རུབ་བྱས་ཏེ། མ་ལག་འཐུས་ཚང་ཅན་གྱི་དེང་རབས་བོད་ལུགས་སྨན་རྫས་ཀྱི་ཐོན་ལས་མ་ལག་དང་སྨན་བཅོས་ཞབས་ཞུའི་མ་ལག་ཡོངས་འགྲུབ་བྱས་པ་དེར་བསྔགས་པའི་མཐེ་བོང་བསྒྲེང་འོས”ཟེར།

ལོ་མང་པོའི་རིང་ལ་རང་ཞིང་གིས་ཐོན་ཁུངས་ལེགས་པོར་གཞི་བཅོལ་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་སྨན་རྫས་ཀྱི་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། གསར་གཏོད་ལ་སྐུལ་འདེད་དང་ཤེས་ལྡན་མི་སྣ་ལ་སྐུལ་འདེད་བྱེད་པ་སྣེ་སྟོན་དུ་བཟུང་ནས། མུ་མཐུད་དུ་སྲིད་ཇུས་ཀྱི་ཚད་གཞི་ཆེས་ཆེར་གཏོང་བ་དང་མ་དངུལ་གྱི་མཛུབ་སྟོན་ལ་རྒྱབ་སྐྱོར་ཆེས་ཆེར་གཏོང་བ། ཤུགས་ཆེན་པོས་གནས་བབ་ལེགས་པོའི་ཐོན་ཁུངས་ལེགས་སྒྱུར། ཀྲུང་བོད་ལུགས་སྨན་རྫས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་སྨན་རྫས་འཕྲོད་བསྟེན་སྒྲིག་གཞིའི་ཁྲོད་མཉམ་བསྲེས་དང“བདེ་ཐང་མཚོ་སྔོན་འཛུགས་སྐྲུན།” ཧུར་ཐག་སྒོས་ཀྲུང་བོད་སྨན་རྫས་ཞབས་ཞུ་ལ་འདོན་སྤེལ་གང་ལེགས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་བྱེད་ནུས་ལ་སྐུལ་འདེད། ཀྲུང་བོད་ལུགས་སྨན་རྫས་བྱ་གཞག་གི་སྤྱི་ཁྱབ་གཞི་ཁྱོན་མུ་མཐུད་དུ་ཆེས་ཆེར་བཏང་བ། ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས། ཚན་རྩལ་ཞིབ་འཇུག་གི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་སུ་གཏོང་བ། སློབ་གསོའི་ཆུ་ཚད་རིམ་སྤར། རིག་གནས་རྒྱུན་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ། བསམ་བློ་བརྗེ་རེས་ཀྱི་མཉམ་ལས་རིམ་འཕར་ལ་ཤུགས་སྣོན་བྱེད་པ།

མིག་སྔར་རང་ཞིང་གིས་ཐུན་མིན་སྒོས་བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས། “སྨན་བཅོས་དང་ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། ཁམས་གསོའི་བདེ་སྲུང་། རྒྱལ་སྤྱིའི་བསམ་བློ་བརྗེ་རེས་དང་ཐོན་ཁུངས་མཉམ་འབྲེལ”བཅས་ཀྱི་འབྲེལ་ཡོད་ཐོན་ལས་དང་ཐོན་ཁུངས་ནུས་ལྡན་ལེགས་སྒྲིག་བྱས་ཏེ། ཕན་ཚུན་མཉམ་བསྲེས་དང་ལེགས་སྒྱུར་སྒྲིག་འཛུགས། ཚད་མཐོའི་མཉམ་སྤྱོད་བཅས་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།