དབྱར་ཁའི་གུང་གསེང་སྐབས་མེ་འགོག་མེ་གསོད་བདེ་འཇགས་སློབ་གསོ་སློབ་གྲྭར་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཉམ་འབྲེལ་ཐོག མེ་འགོག་མེ་གསོད་བདེ་འཇགས་སློབ་གསོའི་དབྱར་གསེང་གི་ཆེད་དོན་ལས་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད། དེའི་དམིགས་ཡུལ་ནི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་སློབ་གྲྭར་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། དབྱར་གསེང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོའི་ཁྲོད་དགེ་སློབ་ཚོའི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་འདུ་ཤེས་དང་རང་འགོག་ནུས་པ་ཆེ་རུ་བཏང་སྟེ། སློབ་གྲྭའི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཆེད་དོན་ལས་སྒོ་དེ་ཟླ6པའི་ཚེས26ཉིན་ནས་ཟླ9པའི་ཚེས25ཉིན་བར་སྤེལ་རྒྱུ་ཡིན་པ་རེད། ས་གནས་ཁག་གི་མེ་འགོག་གསོད་རོགས་སྐྱོབ་སྡེ་ཚན་གྱིས་སློབ་གསོའི་སྲིད་འཛིན་སྡེ་ཚན་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ། མེ་འགོག་མེ་གསོད་བདེ་འཇགས་ཀྱི་ཉེན་བརྡའི་སློབ་གསོ་དང་ཤེས་བྱ་དྲིལ་སྒྲོག་དེ་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་ཁག་ཏུ་མཉམ་འདྲེས་ཐུབ་པ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག སློབ་དུས་འདི་མཇུག་མ་འགྲིལ་གོང“མེ་འགོག་མེ་གསོད་སློབ་ཚན་གཅིག་འཚོག་རྒྱུ་དང་། སྲོག་ཉེན་ལས་ཐར་བའི་ཁ་འགྲེམ་ནང་སྦྱོང་ཐེངས་གཅིག་བྱ་རྒྱུ། ས་ཚིགས་སམ་ཡང་ན་མེ་འགོག་མེ་གསོད་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་ཐེངས་གཅིག་བྱ་རྒྱུ། དབྱར་གསེང་ཁྱིམ་ཚང་གི་མེ་འགོག་མེ་གསོད་བྱ་བ་ཐེངས་གཅིག་ལེགས་བསྒྲུབ་བྱ་རྒྱུ”བཅས་ནང་དོན་དུ་བྱས་པའི“གཅིག་བཞིའི”བྱེད་སྒོ་སྤེལ་རྒྱུ་རེད། སློབ་འབྲིང་ཁག་གིས་སློབ་དུས་གསར་པར་སློབ་འགོ་ཚུགས་ནས“མེ་འགོག་མེ་གསོད་བདེ་འཇགས་ཀྱི་བརྗོད་བྱ་གཙོ་བོའི་འཛིན་གྲྭའི”བྱེད་སྒོ་ཐེངས་གཅིག་སྤེལ་ཏེ། ལག་ལེན་གྱི་མྱོང་ཚོར་དང་། གྱོད་དཔེ་ཉེན་བརྡ། སྲོག་ཐར་རྩལ་ནུས། མངོན་མེད་རྐྱེན་ངན་བཙལ་འཚོལ་བཅས་ཕྱོགས་བཞིའི་ནང་དོན་འཛིན་གྲྭའི་ཚོགས་འདུའི་བྱེད་སྒོའི་བརྗོད་བྱ་གཙོ་བོར་བྱ་རྒྱུ་རེད།

དེའི་སྐབས་ས་གནས་ཁག་གིས་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་སྒོས་ས་གནས་ཁག་གི་འཕྲལ་སྡོམ་མེ་འགོག་མེ་གསོད་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་བརྟེན་ནས། ཤེས་བྱ་འགྲན་སྡུར་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གང་བྱུང་དུ་པར་ལེན་པ། མེ་འགོག་མེ་གསོད་དབྱར་སྒར་དུ་ལྟ་སྐོར་བྱེད་པ། བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ། ཁ་འགྲེམ་ནང་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་དབྱར་གསེང་གི་མེ་འགོག་མེ་གསོད་སློབ་གསོའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏང་རྒྱུ་མ་ཟད། ད་དུང་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་གསར་པའི་དམག་སྦྱོང་བྱེད་སྒོའི་ནང་མེ་འགོག་མེ་གསོད་དྲིལ་སྒྲོག་དང་ལག་ལེན་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།