མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ཐོན་ཁུངས་ཕྱོགས་བསྡུས་ཁྲིམས་འཛིན་དོ་དམ་མ་ལག་ལ་ཤུགས་བརྒྱབ་པ་དང་། འཕྲེད་གཞུང་ཕྱོགས་གཉིས་མཉམ་འགུལ་གྱི་རང་བྱུང་ཐོན་ཁུངས་ཕྱོགས་བསྡུས་ཁྲིམས་འཛིན་བྱེད་སྒོ་སྤེལ་བ། རང་བྱུང་ཐོན་ཁུངས་ཉེས་དོན་ཁྲིམས་འཛིན་དང་སྲིད་འཛིན་ཁྲིམས་འཛིན་ནུས་ཆེའི་མཉམ་འགུལ་སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་པ་བརྒྱུད་དེ། རྒྱལ་ཁབ་སྤྱི་གླིང་ལམ་ལུགས་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་གོམ་སྟབས་ཟམ་མི་ཆད་པར་ཇེ་མགྱོགས་སུ་ཕྱིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནགས་ལས་ཅུའུ་ཡིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནང་ཁྲིམས་འཛིན་ལྟ་སྐུལ་ཁྲུའུ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནགས་ཚལ་སྤྱི་བདེ་ཅུའུ་ཡི་སྒོ་བྱང་བཀལ་ཡོད་པ་རེད། དེའི་རྨང་གཞིའི་ཐོག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་གིས་རྒྱལ་ཁབ་ས་ཆའི་ཁྲིམས་འཛིན་དང་། ཁོར་ཡུག་ཁྲིམས་འཛིན། རྩྭ་ཐང་ལྟ་སྐུལ་དོ་དམ། ཉ་ལས་ཁྲིམས་འཛིན་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཁྲིམས་འཛིན་སྒྲིག་གཞིས་ཐོན་ཁུངས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞི་བཙུགས་ནས། ནགས་ཚལ་སྤྱི་བདེ་ཅུའུ་དང་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་རུ་ཆེན་གྱི་སྒྲིག་གཞི2ལ་དོ་དམ་བྱས་པ་རེད། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་གོང་འོག་མཉམ་སྒུལ་གྱིས་ཁོངས་གཏོགས་ཁ་གསལ་དང་། དབང་འགན་ཁ་གསལ། ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་གསར་པ་ཁྱོན་ཡོངས་ནས་གྲུབ་ཡོད།

དེ་དང་ཆབས་ཅིག འཕྲེད་གཞུང་ཕྱོགས་གཉིས་མཉམ་འབྲེལ་གྱི་རང་བྱུང་ཐོན་ཁུངས་ཕྱོགས་བསྡུས་ཁྲིམས་འཛིན་བྱེད་སྒོ་སྤེལ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི“རིམ་པ་གསུམ”གྱི་ཁྲིམས་འཛིན་མ་ལག་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“རིམ་པ་གཉིས་པའི”ཁྲིམས་འཛིན་མ་ལག་འདེགས་སྐྱོར་དུ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་དང་། 2018ལོའི་ལོ་མཇུག་བར་རང་བྱུང་སྲུང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བརླག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བར་བརྗོད་དོན་གཙོ་བོར་བྱེད་པའི་ཆེད་དོན་བྱ་སྤྱོད་སྣ་ཚོགས་ཐེངས15སྤེལ་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་མྱུལ་ཞིབ་ལྟ་སྐུལ་ཁྲུའུ་ཡིས་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་། 2017ལོ་ནས་བཟུང《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོང་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་བྱ་བའི་ལམ་ལུགས》སོགས་སྔ་རྗེས་སུ་བཏོན་པ་མ་ཟད། དེང་སྐབས། སྐྱེ་ཁམས་ཁྲིམས་ར་དང་པོ་ཡིན་པའི་ཆ་ནས་བཤད་ན། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་བཙུགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱས་ཡོད། ན་ནིང་ད་དུང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་བཙུགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

ལོ་ཙཱ་བ། གཡང་སྐྱིད།