རང་རེའི་ཞིང་ཆེན་གྱི་ས་ཆུ་ཟགས་རུད་རྒྱ་ཁྱོན་ལོ7ནང་ སྤྱི་ལེ་གྲུ་བཞི་མ5000ཙམ་ཉུང་དུ་ཕྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཆུ་བེད་པུའུ་ཡིས2018ལོའི་རྒྱལ་ཡོངས་ཀྱི་ས་ཆུ་ཟགས་རུད་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གྲུབ་འབྲས་ཡོངས་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་ཟགས་རུད་རྒྱ་ཁྱོན2011ལོའི་རྒྱལ་ཡོངས་ཀྱི་ཆུ་བེད་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོའི་འབྲས་བུ་ལས་སྤྱི་ལེ་གྲུ་བཞི་མ5000ཙམ་ཉུང་དུ་ཕྱིན་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཀྲུང་དབྱང་དང་ས་གནས་ཀྱིས་གཅིག་གྱུར་འཆར་འགོད་དང་ལས་བགོས་མཉམ་ལས་ཀྱི་རྩ་དོན་གཞིར་བཟུང་སྟེ། ལོ་འཁོར་གྱི་ས་ཆུ་ཤོར་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཐེངས་དང་པོ་རྒྱལ་ཡོངས་སུ་ཁྱབ་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་ཟགས་རུད་འགུལ་རྣམ་ཁྱབ་ཁོངས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཙོ་གནད་འགོག་བཅོས་ཁུལ་ཁག་གཉིས་ཚུད་ཡོད། རྒྱལ་ཁབ་རིམ་པའི་ས་ཆུ་ཟགས་རུད་གཙོ་གནད་འགོག་བཅོས་ཁུལ་དེ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་33དང་འབྲེལ་བ་ཡོད་ལ། དེའི་ལྟ་ཞིབ་ཚད་ལེན་གྱི་ལས་འགན་དེ་ཆུ་བེད་པུའུ་དང་འབབ་རྒྱུད་སྒྲིག་གཞིས་འགན་འཁུར་རྒྱུ་དང་། ཞིང་ཆེན་རིམ་པའི་ས་ཆུ་ཟགས་རུད་གཙོ་གནད་འགོག་བཅོས་ཁུལ་དེ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས11དང་འབྲེལ་བ་ཡོད་ལ། དེའི་ལྟ་ཞིབ་ཚད་ལེན་གྱི་ལས་འགན་དེ་ཞིང་ཆེན་རིམ་པའི་ཆུ་བེད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འགན་ཁུར་ནས་སྤེལ་བ་རེད།

ལྟ་ཞིབ་ཚད་ལེན་བྱས་འབྲས་ལས། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་ཟགས་རུད་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི16.37ཟིན་པ་དང་། དེའི་ནང་ཆུ་ནུས་ཀྱིས་བསླད་སྐྱོན་བཏང་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.80ཟིན་པ། དེས་ཞིང་ཆེན་ ཡོངས་ཀྱི་ས་ཆུ་ཟགས་རུད་སྤྱིའི་རྒྱ་ཁྱོན་གྱི23.2%ཟིན་ཡོད། རླུང་ཤུགས་བསླད་སྐྱོན་ཐེབས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ12.57ཟིན་པ། དེས་ཞིང་ཆེན་ཡོངས་ཀྱི་ས་ཆུ་ཟགས་རུད་སྤྱིའི་རྒྱ་ཁྱོན་གྱི76.8%ཟིན་ཡོད། 2011ལོའི་རྒྱལ་ཡོངས་ཀྱི་ཆུ་བེད་ཡོངས་བཤེར་ཐེངས་དང་པོ་བྱས་འབྲས་དང་སྡུར་ན། ཞིང་ཆེན་ཡོངས་ཀྱི་ས་ཆུ་ཟགས་རུད་རྒྱ་ཁྱོན་ཇེ་ཉུང་དུ་འགྲོ་ཚུལ2.96%ཟིན་པ་རེད། དེའི་ནང་བསླད་སྐྱོན་ཆུང་བའི་རྒྱ་ཁྱོན27.31%འཕར་བ། བསླད་སྐྱོན་འབྲིང་ཙམ་གྱི་རྒྱ་ཁྱོན7.09%ཇེ་ཉུང་དུ་ཕྱིན་པ། དྲག་པོ་བསླད་སྐྱོན་རྒྱ་ཁྱོན48.82% ཉུང་དུ་ཕྱིན་པ། ཤིན་ཏུ་ཆེ་བའི་བསླད་སྐྱོན་རྒྱ་ཁྱོན32.08%ཉུང་དུ་ཕྱིན་པ། ཛ་དྲག་ཆེ་བའི་བསླད་སྐྱོན་རྒྱ་ཁྱོན31.84%ཉུང་དུ་ཕྱིན་པ།

ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2018ལོའི་ས་ཆུ་ཤོར་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་སྤེལ་རྗེས། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་དང་། ཁྱབ་ཚུལ། དྲག་ཚད། འགུལ་རྣམ་གྱི་འགྱུར་ལྡོག་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པས། ས་ཆུ་སྲུང་འཛིན་སྲིད་གཞུང་གི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་དང་།སྐྱེ་ཁསམ་དཔལ་ཡོན་གྱི་གདེང་འཇོག་དཔྱད་ཞིབ། སྐྱེ་ཁམས་བདེ་འཇགས་ཀྱི་སྔོན་བརྡ། འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་བདའ་འདེད་བཅས་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་དཔལ་ཡོན་གྱི་སྤྱི་ཁོག་ཐབས་ཇུས་སོགས་ལ་རྒྱབ་སྐྱོར་དང་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ་བསྟན།

ལོ་ཙཱ་བ།གཡང་སྐྱིད།