མ་ཙི་ཏ་རྟགས་ཅན་གྱི་རླངས་འཁོར་ཁྲི3.3ཨ་རི་ནས་ཕྱིར་བསྡུ་རྒྱུའི་བརྡ་ཁྱབ་སྤེལ་འདུག

ཉེ་ལམ་ཨ་རིའི《རླངས་འཁོར་གསར་འགྱུར》གྱིས་བསྒྲགས་པའི་གནས་ཚུལ། མ་ཙི་ཏ་རྟགས་ཅན་གྱི་རླངས་འཁོར་ཉེ་ལམ་ཨ་རི་ནས་ཕྱིར་བསྡུ་བྱ་རྒྱུའི་བརྡ་ཁྱབ་ཐེངས་གཉིས་བསྒྲགས་ཡོད་ཅིང་། དེའི་ནང་དུCX-9ཅན་དང་མ་ཙི་ཏའི་རླངས་འཁོར་ཆུང་གྲས3ཁྱོན་བསྡོམས་རླངས་འཁོར་ཁྲི3.3ཕྱིར་བསྡུའི་གྲས་སུ་ཚུད་འདུག 

ཨ་རི་ནས་ཕྱིར་བསྡུ་རྒྱུའི་མ་ཙི་ཏCX-9 SUVཅན8000ཡོད་ཅིང་།རྒྱུ་མཚན་རྒྱུ་སྐུད་འབྲེལ་མཚམས་ལ་གནད་དོན་ཡོད་ཅིང་། དེས་རླངས་འཁོར་གློག་ཆས་ཀྱི་བརྡ་སྤྲོད་མ་ལག་ལ་ཤུགས་རྐྱེན་བཟོས་ནས་མདུན་སྟེགས་ཀྱི་བདེ་འཇགས་རླུང་རྐྱལ་དང་ཁ་ལོ་བསྒྱུར་བྱེད་ཀྱི་བརྡ་རྟགས་སམ་ཡང་ན་གློག་སྒུལ་འཕྲུལ་ཆས་ཀྱི་ནུས་པ་ཤོར་ཏེ་འཁོར་བགེགས་ཀྱི་ཉེན་ཁ་ཆེན་པོ་ལྡན། སྐྱོན་འདི་གཙོ་བོ2017ལོའི་ཟླ9ཚེས12ཉིན་ནས2017ལོའི་ཟླ11པའི་ཚེས9ཉིན་ལ་ཐོན་སྐྱེད་བྱས་པའི2018ལོའི་མ་ཙི་ཏCX-9རྟགས་ཅན་ཡིན་པ་རེད།

ཨ་རིའི་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ཅུས(NHTSA)ཡི་ཡིག་ཆ་ལྟར་ན། ད་སྔ་འབྲེལ་ཡོད་ཀྱི་དོན་རྐྱེན་དང་ཤི་རྨས་བྱུང་བའི་སྙན་ཞུ་མེད། མ་ཙི་ཏས་འཁོར་བདག་རྣམས་ལ་ཚོང་གཉེར་ཕྱོགས་ཀྱིས་རྒྱུ་སྐུད་ཞིག་གསོ་བྱ་རྒྱུ་དང་། ཟླ7ཚེས29ཉིན་ནམ་དེའི་ཡར་སྔོན་ལ་ཕྱིར་བསྡུ་རྒྱུའི་བརྡ་བརྒྱབ་ཡོད་པ་རེད།

ཟླ6ཚེས28ཉིན་མ་ཙི་ཏའི་ཕྱོགས་ནས། རླངས་འཁོར་གྱི་འཁོར་ལོ་ལ་ཡང་གནད་དོན་ཡོད་པས2019ལོའི་མ་ཙི་ཏ3ཁྲི2.5བརྒལ་བ་ཕྱིར་བསྡུ་རྒྱུ་བྱས་འདུག

ཤེས་གསལ་ལྟར་ན། 2019ལོའི་མ་ཙི་ཏ3ཅན་གྱི་རླངས་འཁོར་ཁག་སྒྲིག་སྦྱོར་བྱེད་དུས་སུ་འཁོར་ལོའི་གཅུས་གཟེར་དང་ཧྥ་ལན་གྱི་བར་ཆེ་དྲགས་པའི་སྐྱོན་ཡོད་པས། རླངས་འཁོར་ལམ་དུ་ཆས་པའི་སྐབས་ལ་གཅུས་གཟེར་ལྷོད་དེ་འཁོར་ལོ་ལྷུང་སྲིད་པའི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད།

ད་སྔའི་བར་འཁོར་ལོ་ལྷུང་ནས་དོན་རྐྱེན་བྱུང་སྐོར་དང་། དེ་འབྲེལ་གྱི་འབྲེལ་ཡོད་སྐྱོན་ཆ་ལས་བྱུང་བའི་ཤི་རྨས་དོན་རྐྱེན་སྐོར་གྱི་གནས་ཚུལ་ཅི་ཡང་བྱུང་མེད་ཅེས་མ་ཙི་ཏ་ཕྱོགས་ནས་བརྗོད་འདུག

ཁོན་ཐར་འཚོས་བསྒྱུར།