ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། དེ་བཞིན་བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་སྒྲིག་འགལ་ངང་ཚོང་གཉེར་རམ་ཁེ་ལས་འཛུགས་གཉེར་བྱེད་པའི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། དེ་བཞིན་བུ་ཕྲུག་དང་དེའི་བཟའ་ཟླས་སྒྲིག་འགལ་ངང་ཚོང་ལས་གཉེར་རམ་ཁེ་ལས་གཉེར་བའི་ཆེད་དོན་བཅོས་སྒྲིག་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། ལས་ཁུངས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས་ཡོད་པ་དང་བྱ་བའི་ཆེད་དོན་འཛིན་གྲྭའི་མི་སྣ་ཡོངས་ལ་གཞོགས་འདེགས་བྱས་པ་རེད།

ཚོགས་འདུས་བསྟན་དོན། ཆེད་དོན་བཅོས་སྒྲིག་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། སྒྲིག་ཁྲིམས་སྔོན་ལ་བཞག་ནས་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་སྟེ། ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་ཡིད་ཆེས་ཐོབ་པ་བྱ་དགོས་ལ། སྒྲིག་ཁྲིམས་ཀྱི་དམར་ཐིག་ནན་དུ་གཏང་བ་དང་། ཏང་སྒྲིག་རྒྱལ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། འགོ་ཁྲིད་ལས་བྱེད་པའི་གཉེན་ཉེས་སྒྲིག་འགལ་ངང་ཚོང་གཉེར་དང་ཁེ་ལས་གཉེར་བའི་བྱེད་སྤྱོད་ཚད་ལྡན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཏང་ལ་དོ་དམ་ནན་པོ་དང་དཔོན་རིགས་བཅོས་སྐྱོང་ནན་པོ་བྱེད་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་པ་བསྟན།

ཚོགས་འདུས་བསྟན་དོན། ཆེད་དོན་བཅོས་སྒྲིག་བྱ་བའི་དུས་ཚོད་ཐུང་ཞིང་ལས་འགན་ལྕི་བ། ཞིབ་བཤེར་མི་གྲངས་མང་བ། བྱ་བའི་ཆེད་དོན་འཛིན་གྲྭར་དུས་ཚོད་དང་དལ་ལྷོད་ཁོང་དུ་ཆུད་པ་བཅས་བྱས་ནས། བྱ་བ་སྦྲེལ་མཐུད་ཡག་པོ་བྱ་དགོས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྩ་འཛུགས་མཐུན་སྦྱོར་དང་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པ་བསྒྲུབ་དགོས། གཞོགས་འདེགས་ཚན་པ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ལས་སྒོའི་བྱ་བ་དང་ཐེངས་འདིའི་ཆེད་དོན་བཅོས་སྒྲིག་བྱ་བ་ཟུང་འབྲེལ་གྱིས་ཞིབ་བཤེར་དང་། དབྱེ་ཞིབ། གཤིབ་སྡུར། ངོས་འཛིན། སྲིད་ཇུས་ཀྱི་ལན་འདེབས་སོགས་ཀྱི་ལས་འགན་ཏན་ཏིག་དང་ནུས་ཆེའི་སྒོ་ནས་ལེགས་བསྒྲུབ་བྱ་དགོས། ཆེད་དོན་བཅོས་སྒྲིག་ཇུས་གཞིའི་དགོངས་དོན་ཁོང་དུ་ཆུད་པ། ལྷུ་ཚིགས་ཁག་གི་བྱ་བ་ནན་ཏན་ངང་ཡག་པོ་བསྒྲུབ་པ། རྨང་གཞིའི་གཞི་གྲངས་ཏན་ཏིག་དང་། ཞིབ་བཤེར་གཤིབ་སྡུར་ གནད་ལ་འཁེལ་བ། ཐག་གཅོད་ལུགས་མཐུན་བཅས་ཡོང་བའི་འགན་ལེན་བྱ་དགོས། ཚན་པ་ཁག་གིས་ཆེད་དོན་བཅོས་སྒྲིག་གི་ནང་དོན་ཁ་གསལ་བཟོ་བ་དང་། ངོས་འཛིན་ལམ་སྲོལ་ཚད་ལྡན་བཟོ་བ། བཀོལ་སྤྱོད་ཚད་ལྡན་བཟོ་བ་བཅས་བྱས་ཏེ་ཏང་ནང་གི་ཁྲིམས་སྲོལ་གཞིར་བཟུང་ཁྲིམས་ལྟར་གཏན་འཁེལ་བྱས་ཏེ།ཆེད་དོན་བཅོས་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏང་དགོས་པ་བ་བསྟན།

ཚོགས་འདུས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་ལས་བྱེད་པའི་ལྟ་སྐུལ་ཁྲུའུ་འགན་འཁུར་བློ་མཐུན་གྱིས་ཆེད་དོན་བཅོས་སྒྲིག་ཇུས་གཞི་ངོ་སྤྲོད་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་བཅོས་སྒྲིག་བྱས་ནས་ཞིང་ཆེན་་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཁྲི1ལྷག་གི་བཟའ་ཟླ་དང་། དེ་བཞིན་བུ་ཕྲུག་དང་དེའི་བཟའ་ཟླས་སྒྲིག་འགལ་ངང་ཚོང་གཉེར་བྱས་ནས་ཁེ་ལས་གཉེར་བའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། ཁག་དང་པོའི་ཚན་པའི་ཆེད་དོན་བཅོས་སྒྲིག་བྱ་བ་དེ་ཟླ7པའི་ཚེས1ཉིན་ནས་སྤེལ་འགོ་ཚུགས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།