རང་ཞིང་གིས་སྤྱི་ཚོགས་ཁྱབ་ཁོངས་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར20ལས་བརྒལ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་སྔོན་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་རིག་གནས་ཡུལ་སྐོར་མཐོར་འདེགས་བཟོ་སྐྲུན་ལག་བསྟར་ཇུས་གཞིའི2019ལོའི་རིམ་པ་གཉིས་པའི་མ་དངུལ་གཏོང་ཚད་མར་བསྒྲགས་པ་དང་བསྟུན། རང་ཞིང་གིས2019ལོའི་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ཁྲོད་མ་དངུལ་ཡོད་ཚད་གཏོང་བ་ཡོངས་འགྲུབ་བྱས་ཤིང་། ཁྱོན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར20.73ལག་བསྟར་བྱས་ཡོད་ལ། སྒོར་དུང་ཕྱུར20ལས་བརྒལ་བ་ཐོག་མ་དང་མ་དངུལ་གཏོང་ཚད་དེ་ལོ་སྔོན་མ་དག་ལས་ཀྱང་ཆེས་ཆེ་བའི་ལོ་ཞིག་ཡིན།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། མ་དངུལ་འབོར་ཆེན་དེའི་རྒྱབ་སྐྱོར་འོག་རང་ཞིང་གི་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་གསར་བ་དང་མཚོ་སྔོན་རྩིས་ཚན་རིགས་ཀྱི་དངོས་གཞིའི་སློབ་ཆེན་སོགས་རིམ་པ་དང་པོའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དེ་མུ་འགྱངས་བར་ལས་སྐྲུན་འགོ་རྩོམ་རྒྱུ་ཡིན་ལ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དེ“མྱུར་བགྲོད་ལམ”དུ་ཞུགས་རྒྱུ་ཡིན་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་བྱིས་པ་ལ་གཉོར་སྐྱོང་མཁན་དང་སློབ་གྲྭ་རུ་དགེ་རྒན་ཡོད་པ། ངལ་རྩོལ་ལ་གྲུབ་འབྲས་སྨིན་པ། ནད་པ་ལ་སྨན་གསོ་བྱེད་པ། རྒན་པ་ལ་རྒན་གསོ་ཡོད་པ། སྡོད་དམངས་ལ་གཞིས་སྡོད་ཡོད་པ། གཉོམ་ཆུང་ལ་རོགས་སྐྱོར་བཅས་ཡོད་པ་བདུན་དམིགས་འབེན་དུ་བཟུང་ནས། སྤྱི་ཚོགས་ཁྱབ་ཁོངས་ཁྲོད་ཀྱི་མཁོ་སྤྲོད་སྒྲིག་གཞི་ཅན་ལ་བཅོས་སྒྱུར་གཏིང་ཟབ་སྒོས་སྤེལ་ཏེ། སློབ་གསོ་དེང་རབས་ཅན་དུ་ལག་བསྟར་བྱེད་པར་སྐུལ་འདེད་ཀྱིས་དམངས་ཡོངས་ཀྱི་བདེ་ཐང་ལ་འགན་སྲུང་དང་རིག་གནས་ཡུལ་སྐོར་མཐོར་འདེགས། སྤྱི་ཚོགས་ཞབས་ཞུའི་འཐུས་ཚང་། སྤྱི་གཞུང་ལུས་རྩལ་ཡོངས་ཁྱབ་བཅས་ཀྱིས་བཟོ་སྐྲུན་ཆེན་པོ་ལྔ་དང་སྤྱི་གཞུང་དོན་དངོས་ལག་བསྟར་རྟེན་གཞི་འཛུགས་སྐྲུན་གྱིས་ཆེད་དོན་གཅིག་དང་མ་དངུལ་གཏོང་ཚད་དམ་འཛིན། ཞན་ཆ་ཁ་གསབ་བྱེད་པ། མཁོ་འདོན་ལ་ཤུགས་སྣོན་བྱེད་པ། ནུས་ཤུགས་མཐོར་འདེགས་བཅས་ཀྱིས་དཀར་ནག་གོ་ལྡོག་ཅི་ཡང་མེད་པའི་སྒོ་ནས་དངོས་ཡོད་ལག་བསྟར་དམ་འཛིན་བྱས་ཏེ་སྒྲིག་ཆས་འཐུས་ཚང་ཅན་ལ་སྐུལ་འདེད་བྱས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན། རིག་གནས། རྒན་གསོ་སོགས་སྤྱི་ཚོགས་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། སློབ་ཆུང་དང་སློབ་འབྲིང་སློབ་མའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་དེ་སོ་སོ2016ལོའི་ལོ་མཇུག་གི་རྨིད་གྲུ་བཞི་མ་8.76ནས་རྨིད་གྲུ་བཞི་མ15.51ལ་འཕར། 2018ལོའི་ལོ་མཇུག་གི་རྨིད་གྲུ་བཞི་མ9.18དེ་རྨིད་གྲུ་བཞི་མ16.03ལ་འཕར། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་མལ་ཁྲིའི་ཁ་གྲངས་དེ་སྔོན་ཆད་ཀྱི་ཁྲི3.5ནས་ཁྲི3.9ལ་འཕར། ཆ་སྙོམས་མི་རེའི་ལུས་རྩལ་ར་བའི་ཐང་ཆེན་གྱི་རྒྱ་ཁྱོན་དེ་རྨིད་གྲུ་བཞི་མ་1.67ནས་རྨིད་གྲུ་བཞི་མ1.88ལ་འཕར། རིམ་པ་སོ་སོའི་དམངས་ཚིས་དམིགས་ཚད་མངོན་འགྱུར་བྱེད་པའི་ཚད་གཞི་ཆེས་ཆེར་སོང་ཞིང་། ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་གྱི་ཚད་གཞི་དེ2016ལོའི་ལོ་མཇུག་གི་93.69%ནས2018ལོའི་ལོ་མཇུག་གི96.9%ལ་འཕར་ཡོད། ནམ་རྒྱུན་ལུས་རྩལ་སྦྱོང་བརྡར་ལ་ཟབ་ཞུགས་བྱེད་པའི་མི་གྲངས་ཀྱི་སྡུར་ཚད་དེ34.4%ལ་འཕར་ཡོད་ལ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་ཤེས་དང་བདེ་སྐྱིད་ཀྱི་ཚད་གཞི་དེ་མངོན་གསལ་གྱིས་མཐོར་འདེགས་སུ་སོང་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།