རྩོམ་པའི་འབྲས་བུ་ཁུར་དུ་དུད། སྦྲང་ཆར་བསིལ་མ་ཤག་ཤག་འཇོ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་གངས་ལྗོངས་འཛིན་མའི་ཁྱོན་ལ་ཡོངས་སུ་བཀྲ་ཞིང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འགོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འགོར་བའི་སྐལ་བཟང་རྫོགས་ལྡན་གྱི་དུས་སྐབས་འདི་དང་བསྡོངས་ཏེ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཀྱང་ལོ་ངོ་བདུན་ཅུའི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་བབ་ལ་གཞིགས་ཏེ༼ བགྲང་བྱ་བདུན་ཅུ་འཛུམ་གྱིས་བསུ། དུས་རབས་གསར་བར་སྤོབས་པས་སྐྱོད ༽ཅེས་པའི་བསྟུད་འགོད་ལེ་ཚན་ཞིག་སྒྲུབ་བཞིན་ཡོད་དེ། དེ་རིང་གསར་འགོད་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་སོང་ནས་བོད་ཀྱི་རྩོམ་རིག་སྐོར་འཕེལ་རྒྱས་སྐོར་ནས་བཅར་འདྲི་བྱས།

འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་བའི་ཉེ་བའི་ལོ་འདི་གའི་རིང་། ཟི་ལིང་ས་ཁུལ་གཙོ་བྱས་བོད་ཀྱི་དུས་དེབ་སོ་སོས་ཀྱང་མི་རིགས་ནང་ཁུལ་གྱི་རིག་གནས་དང་སློབ་གསོའི་གནས་སྟངས་ལ་གཞོགས་འདེགས་གང་ལེགས་མཛད་དེ། བོད་ཀྱི་རྩོམ་རིག་གི་མཁའ་དབུགས་ཇེ་ལེགས་དང་། སློབ་གྲྭ་ཆུང་འབྲིང་གི་བསླབ་བྱའི་སྡེ་ཚན་ལེགས་བཅོས་སུ་བཏང་སྟེ་མི་རིགས་སློབ་གསོའི་བྱ་གཞག་ལ་སྔར་མེད་ཀྱི་རྨང་རྡོ་བརྟན་པོ་ཞིག་བཏང་ཡོད།

རིག་གནས་དང་སློབ་གསོ་ནི་མི་རིགས་ཤིག་གི་སྲུང་འཛིན་གྱི་རྒྱུན་ཐག་ཡིན་ལ། རིག་གནས་དང་སློབ་གསོ་ལ་བརྟེན་ནས་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ལའང་འཕེལ་རྒྱས་བྱུང་ཡོད། དེ་བས་ང་ཚོའི་བཅར་འདྲི་ཚན་ཆུང་ཡང་མི་རིགས་སློབ་གསོའི་ལས་དོན་ལ་མཛད་རྗེས་ཆེ་བའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་ལ་ཕྱིན་ནས་དེ་གའི་གནས་ཚུལ་ལ་རྒྱུས་ལོན་རགས་ཙམ་བྱས།

བོད་ཀྱི་རྩོམ་རིག་དུས་དེབ་《སྦྲང་ཆར་》ལ་མཚོན་ན། བགྲང་བྱ་ཉི་ཤུའི་བགྲོད་ལམ་རིང་མོའི་སྟེང་དུ། རྩོམ་སྒྲིག་པ་བགྲེས་གཞོན་རྣམས་ཀྱིས་ཏང་གི་རྩོམ་རིག་སྒྱུ་རྩལ་གྱི་བྱེད་ཕྱོགས་ལག་བསྟར་དང་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་གང་ལེགས་བྱས་ཏེ། མི་རིགས་སློབ་གསོའི་ལས་དོན་ལ་སྔར་ན་མེད་པའི་གྲུབ་འབྲས་ཆེན་པོ་བླངས་ཤིང་། ལོ་ངོ་འདི་དག་གི་རིང་ལ། 《སྦྲང་ཆར》རྩོམ་སྒྲིག་ཁང་ལ་མཚོན་ན་བོད་ཀྱི་ན་གཞོན་རྩོམ་པ་པོའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་གནད་ཆེ་སར་བཟུང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་དུས་དེབ་ཀྱི་སྤུས་ཀ་ཇེ་ལེགས་དང་ནང་དོན་ཕུན་སུམ་ཚོགས་པར་ཡོང་སླད། 《སྒྲུང་གཏམ་རླབས་ཀྱི་གཟེགས་མ་》དང《སྙན་རྩོམ་ཅོ་གའི་དྲུག་འགྱུར།》《ལྷུག་རྩོམ་པད་མའི་ཟེའུ་འབྲུ།》《རྩོམ་རིག་ཤེས་བྱའི་འཇུག་ངོགས་》བཅས་དགེ་མཚན་ལྡན་པའི་ལེ་ཚན་མི་འདྲ་བ་བཅུ་ལྷག་བཀོད་སྒྲིག་མཛད་པ་བརྒྱུད། མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོའི་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་བཞི་སྟོང་ལྷག་བདམས་བཀོད་གནང་ཞིང་།

དེའི་ཁྲོད་དུ་བརྩམས་ཆོས60ལྷག་ལ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་རྩོམ་རིག་བྱ་དགའ་སྣ་ཚོགས་ཐོབ་པ་དང་། བརྩམས་ཆོས70ལྷག་རྒྱ་ཡིག་དང་དབྱིན་ཇི་སོགས་སྐད་རིགས་དུ་མར་བསྒྱུར་ནས་རྒྱལ་ཁབ་ཕྱི་ནང་དུ་བཀྲམས། བརྩམས་ཆོས100ལྷག་ལ་ཉེ་བ་ཙམ་སློབ་གྲྭ་ཆུང་འབྲིང་གསུམ་གྱི་སྐད་ཡིག་སློབ་དེབ་ཏུ་བདམས། བརྩམས་ཆོས་བརྒྱ་ཕྲག་དུ་མ་དཔེ་དེབ་སྣ་ཚོགས་ནང་བདམས་ཏེ་པར་དུ་བསྐྲུན། 《སྦྲང་ཆར》གྱི་ཐོག་མའི་ཤོག་ངོས68ནས་ད་ལྟའི་ཤོག་ངོས160ལ་འཕར་བ་དང་། འགྲེམ་སྤེལ་གྱི་ཁྱབ་ཁོངས་ཀྱང་ཕལ་ཆེར་བོད་ཁམས་ཡོངས་ལ་ཁྱབ་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁབ་ཉི་ཤུ་ཙམ་གྱི་བོད་རིག་པའི་ལས་རིགས་ཁག་གི་མཁས་པ་རྣམས་ཀྱིས་ཀྱང་མཐོང་ཆེན་དང་གདེང་འཇོག་ཅུང་མཐོན་པོ་མཛད་འདུག དུས་མཚུངས་སུ་སྦྲང་ཆར་དུས་དེབ་ཉིད་ལ་སྔ་རྗེས་སུ་ཐེངས8ལ་ཞིང་ཆེན་ཕྱི་ནང་གི་བྱ་དགའ་ཐོབ་མྱོང་།

དུས་དེབ་འདི་ཉིད་བདེ་ཐང་ངང་འཕེལ་རྒྱས་བྱུང་བའི་ལོ་ངོ་འདི་དག་གི་རིང་ལ། རྩོམ་སྒྲིག་པས་དུས་དེབ་སྒྲུབ་པའི་ཉིང་དགོས་སེམས་ལ་དམ་པོར་བཟུང་ནས། དུས་དང་རྣམ་པ་ཀུན་ཏུ་དུས་དེབ་སྒྲུབ་པའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ལ་མཐོང་ཆེན། དུས་དེབ་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བཅས་བྱས་ཏེ། ཏང་གི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་དང་། “ཞབས་འདེགས”གཉིས་ཀྱི་ཁ་ཕྱོགས་དང་། “མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་།”གི་བྱེད་ཕྱོགས་རྒྱུན་འཁྱོངས། མི་རིགས་སྲིད་ཇུས་རྒྱུན་འཁྱོངས། སློབ་གསོའི་གནས་བབ་ལ་མཐོང་ཆེན། དུས་དེབ་ཀྱི་བསམ་བློའི་མཐོ་ཚད་དང་སྒྱུ་རྩལ་གྱི་ཆུ་ཚད་ལ་མཐོང་ཆེན་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཉམས་འགྱུར་འབུར་དུ་ཐོན་པར་ཤུགས་བརྒྱབ་སྟེ། རྒྱ་ཆེའི་བོད་རིགས་རྩོམ་པ་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་བར་བསྔགས་པ་བརྗོད་ཅིང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་གྱི་བོད་ཁམས་ཀྱི་འགྱུར་ལྡོག་གསར་བ་དང་འཚོ་བ་གསར་བ་མངོན་པར་མཚོན་པ་ལ་ཤུགས་སྣོན་དང་མཐོང་ཆེན་བྱེད་པ། བོད་རིགས་མི་དམངས་ཀྱི་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། གསར་གཏོད་གསར་བ་མངོན་པར་མཚོན་པའི་དཔེ་མཚོན་གྱི་མི་སྣ་དང་། དཔེ་མཚོན་གྱི་བྱས་རྗེས་ལ་སྤྲོ་སེམས་འཁོལ་བའི་བསྔགས་བརྗོད་བྱེད་དང་བྱེད་མུས་སུ་ཡོད།