རང་ཞིང་གིས་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི1000གནང་བ་མངོན་འགྱུར་བྱུང་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་ཐིན་དང་དམངས་སྲིད་ཐིན་གྱི2019ལོའི་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྒྲུབ་བྱེད་པའི་ཁ་གསབ་མ་དངུལ་སྤྲོད་པའི་བརྡ་སྦྱོར》པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། སྔོན་ཐོན་ཅན་ལ་སྐུལ་འདེད་བྱེད་པ་གཞིར་བཟུང་སྟེ། ཁྱབ་ཁོངས་ཁྲོད་དུ་མ་དངུལ་བསྡུ་རུབ་བྱེད་པ། ཕྱོགས་བསྡུས་དོ་མཉམ། མཚོན་འགྱུར་ཧེ་བག་གི་རྩ་དོན་ལྟར། གྲོང་ཁྱེར་དང་ཁུལ་སོ་སོའི་རྫོང་དང་གྲོང་ཁྱེར། ས་ཁུལ། སྲིད་འཛིན་བཅས་ཀྱི་ཚད་ལེན་དཔྱད་ཞིབ་རྩིས་གཞི་ལྟར་བྱ་དགའ་གནང་ནས། 2019ལོའི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རོགས་སྒྲུབ་བྱ་དགའ་སྤྲོད་པའི་བྱ་བའི་གྲོན་དངུལ་དེ་སྒོར་ཁྲི1000ལ་བུད་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ལ་མྱུར་སྐྱོབས་རོགས་སྒྲུབ་བདག་དོམ་བྱ་བའི་ཆེད་དོན་ཐད་དུ་བཀོལ་བ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཟླ2པའི་ཟླ་སྨད་ནས་ཟླ3པའི་ཟླ་སྟོད་བར་ཞིང་ཆེན་དམངས་སྲིད་ཐིན་གྱི་ལས་བྱེད་མི་སྣ་དག་གིས་ཞིང་ཆེན་དམིགས་འབེན་ཚད་ལེན་དཔྱད་ཞིབ་བྱ་བའི་ཚོ་ཆུང་གི་གཅིག་གྱུར་བཀོད་སྒྲིག་འོག གྲོང་ཁྱེར་དང་ཁུལ་སོ་སོའི་ཤང་དང་གྲོང་རྡལ40དག་ལ་སིམ་འཛུལ་གྱིས་ས་ཁུལ་སོ་སོའི་སྤྱི་ཚོགས་ཀྱི་མྱུར་སྐྱོབས་རོགས་སྒྲུབ་སྲིད་ཇུས་ལག་བསྟར་དང་རྩ་འཛུགས་འགན་སྲུང་། མ་དངུལ་གྱི་ཁེ་ཕན་རྩིས་བཤེར། འཛུགས་སྐྲུན་ནུས་ཤུགས་མཐོར་འདེགས། བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན། གསབ་སྦྱོང་དྲིལ་སྒྲོག་སོགས་ཀྱི་གནས་ཚུལ་ཐད་ལ་དཔྱད་ཞིབ་ཚད་ལེན་ལེགས་པོ་བྱས། ཕྱོགས་བསྡུས་ཚད་ལེན་དཔྱད་ཞིབ་ཀྱི་དཔྱད་འཇོག་བརྒྱུད། ཟི་ལིང་དང་མཚོ་ནུབ། མཚོ་བྱང་། རྨ་ལྷོ་བཅས་ཕུལ་བྱུང་གྲོང་ཁྱེར་དང་ཁུལ་དུ་བདམས། ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ས་ཁུལ་དང་རྟ་ཐང་རྫོང་། མཚོ་བྱང་ཁུལ་གྱི་རྐང་ཚ་རྫོང་། ཡུལ་ཤུལ་ཁུལ་གྱི་འབྲི་སྟོད་རྫོང་། མཚོ་ནུབ་ཁུལ་གྱི་ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་གྱི་ཧོར་གྲོང་རྫོང་། རྨ་ལྷོ་ཁུལ་གྱི་གཅན་ཚ་རྫོང་། མཚོ་ལྷོ་ཁུལ་གྱི་དར་མཚོ་རྫོང་། མགོ་ལོག་ཁུལ་གྱི་དར་ལག་རྫོང་བཅས་ཕུལ་བྱུང་གྲོང་ཁྱེར་དང་ཕུལ་བྱུང་རྫོང་གི་གྲས་སུ་བདམས།

དེ་ཡང2015ལོ་ནས་བཟུང་རང་ཞིང་གིས་ལས་ཕྱོད་དཔྱད་ཞིབ་མཇུག་འབྲས་དང་རིགས་སོ་སོའི་སྤྱི་ཚོགས་ཀྱི་མྱུར་སྐྱོབས་མ་དངུལ་རིགས་བགོས་གཉིས་ཀར་ཟུང་འབྲེལ་གྱིས་ལས་ཕྱོད་སྟེང་དུ་བྱ་དགའི་ཁ་གསབ་སྣོན་པའི་བྱེད་ཐབས་གཞིར་བཟུང་སྟེ། རིགས་སོ་སོའི་སྤྱི་ཚོགས་ཀྱི་རོགས་སྒྲུབ་མ་དངུལ་བགོ་བཤའ་བརྒྱབ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།