རང་རེའི་ཞིང་ཆེན་ནས་སྣོད་བཅུད་སྲུང་སྐྱོང་གི་བེད་ནུས་མང་པོའི་ནོར་ར་ཞིག་གསར་སྤེལ་བྱས་འདུག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་རེའི་ཞིང་ཆེན་གྱི་འབྲོག་ཁུལ་ནས་སྣོད་བཅུད་ལ་སྲུང་སྐྱོབ་བྱ་ཐུབ་ཅིང་སྒྲིག་བཤིག་སྟབས་བདེ་ཡིན་པའི་བེད་ནུས་སྣ་མང་གི་ནོར་ར་གསར་སྤེལ་ལེགས་འགྲུབ་བྱུང་ནས་དུས་རྒྱུན་གྱི“ནོར་ར”དང་གཞི་ནས་མི་འདྲ་བ་ཞིག་བཟོས་ཡོད་ཅིང་། ཟླ7ཚེས4ཉིན་ལ་འབྲེལ་ཡོད་ཆེད་མཁས་ནོར་ར་ཡོད་སའི་རང་རེའི་ཞིང་ཆེན་གྱི་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་གྱི་རྒྱ་ཡེ་གྲོང་ཚོར་བཅར་ནས་ཡུལ་དངོས་ལ་དཔྱད་ཞིབ་བྱས།

“ཤེད་ཤུགས་ཡོད་ཚད་ཀྱིས་ཕར་གཏོད་ལ་རྡོག་པས་གཞུས་དང་། སུ་ཞིག་གིས་ནོར་རའི་པང་ལེབ་གཏོར་ཐུབ་པ་ཡིན་ན་དེ་ལ་བྱ་དགའ་ཡོད……”ཅེས་ཡུལ་དངོས་ཀྱི་དཔྱད་ཞིབ་བྱེད་སྒོས་ཉེ་འཁོར་གྱི་འབྲོག་པ་མང་པོ་བོས་ནས་ཚོད་ལྟ་བྱེད་དུ་བཅུག་ཅིང་། ཚང་མས་ནོར་ར་སྲ་བརྟན་གྱི་ཚད་ལ་བསྟོད་ར་མང་པོ་བྱས།

ངེད་ཚང་ལ་བཟའ་མི་གསུམ་ཡོད། ལས་ཀ་ལས་ཐུབ་མཁན་ང་གཅིག་པུ་ལས་མེད། སྔོན་ཆད་ནོར་ལ་སྨན་ཁབ་རྒྱག་དུས་གསར་བུ་ཤེད་ཆེན་གསུམ་བཞི་རེ་མེད་ཚེ་སྨན་ཁབ་རྒྱག་ཁག་པོ་ཡོད། ད་ཆ་སྨན་ཁབ་རྒྱག་སའི་ནོར་རར་བཅུག་ཚེ་ང་གཅིག་པུས་ཀྱང་རྒྱག་ཐུབ་ཀྱི་ཡོད། གཞན་ནོར་ཁུལ་ལེན་དུས་ཀྱང་རང་ཉིད་གཅིག་པུས་ཆོག་པས་ང་ལྟ་བུ་ཁྱིམ་དུ་ལས་ཀ་ལས་རོགས་བྱེད་མཁན་མེད་པ་ཞིག་ལ་མཚོན་ནས་བཤད་ན་ནོར་ར་འདི་ཧ་ཅང་བེད་ཆོད་ཅན་ཞིག་རེད། ཅེས་ཟླ་བ་གཉིས་ལྷག་གི་རིང་ལ་བཀོལ་སྤྱོད་ཚོད་ལྟ་བྱས་པའི་རྒྱ་ཡེ་གྲོང་ཚོ་གཉིས་པའི་འབྲོག་པ་མགོན་པོ་ཚེ་བརྟན་གྱིས་དེ་སྐད་ལབ་བྱུང་།

སྤོ་སྒུལ་བྱས་ཆོག་པའི་ནོར་ར་གསར་ཤོས་འདི་ལ་བེད་ནུས་མང་པོའི་ནོར་ར་དང་། རིམས་འགོག་སྨན་ཁབ་ཀྱི་དྲ་མིག ཁྱིམ་སྤྱོད་རང་བཞིན་གྱི་སྨན་ཁབ་རྒྱག་ས་བཅས་ཇུས་འགོད་ཧ་ཅང་ཞིབ་ཆ་ལྡན་ལ། ཕྱི་ངོས་ཀྱི་ཁ་དོག་ལ་སོ་ཕག་གི་མདོག་དམར་སྐྱར་བཀོད་ཡོད། རྒྱུ་ཆའི་ཆ་ནས་ཚན་རྩལ་གྱི་བང་ལེབ་དྲོད་ཅན་དང་བཙའ་མི་ཆགས་པའི་ངར་ལྕགས་ཀྱི་སྒྲོམ་གཞི། གནས་གཏན་བྱེད་ཀྱི་ཆོན་ཐག ཕུར་བ་དུང་འཁྱིལ་ཅན་གྱིས་སྒྲིག་སྦྱོར་གཏན་པོ་སོགས་བྱས་ཡོད་པས། མི་གསུམ་གྱིས་ཆུ་ཚོད་བཞིའི་ནང་སྨི་གྲུ་བཞི་མ་སུམ་རྒྱ་ལྷག་ཙམ་གྱི་ནོར་ར་ཞིག་སྒྲིག་སྦྱོར་ཐུབ་པས་བཀོལ་སྤྱོད་བྱེད་སླ་བ་ཞིག་རེད།

རང་རེའི་ཞིང་ཆེན་གྱི་འབྲོག་པའི་སྲོལ་རྒྱུན་གྱི་ནོར་ར་ལ་མཚོན་ན། ལས་དུས་སུ་བྱེ་ཟགས་དང་། ཨར་འདམ། སོ་ཕག ལྕགས་ཆ་དང་ཤིང་ཆ་སོགས་མང་པོ་ཞིག་དགོས་པ་མ་ཟད། རྨང་འདིང་དུས་ས་རྐོ་རྡོ་སློག་སོགས་བྱས་ནས་དུས་ཚོད་དང་ནུས་ཤུགས། མ་དངུལ་མང་པོ་གཏང་དགོས། དེ་བཞིན་དུ་རྩྭ་ཐང་བརླག་སླ་ཞིང་། སྤོ་སྒུལ་མི་ཐུབ་པས་འབྲོག་པའི་དབྱར་དགུན་གྱི་རུ་སྤོ་བའི་དགོས་མཁོ་བསྐང་ཐུབ་ཀྱི་མེད་པ་རེད།

ནོར་ར་གསར་ཤོས་འདི་འབྲོག་ཁུལ་གྱི་ས་གཤིས་མི་འདྲ་བ་རྙོག་འཛིང་ཅན་གང་རུང་དུ་འཛུགས་ཐུབ་པ་ཞིག་ཡིན་ཞིང་། ནོར་ཁྱུའི་མང་ཉུང་ལྟར་ཆེ་ཆུང་མི་འདྲ་བ་བཟོ་ཐུབ་པ་དང་། བརྟན་པོ་ཡིན་ལ་གདུང་ཐུག་དྲག་པོ་འགོག་ཐུབ་པ་མ་ཟད། ལོ་ཉི་ཤུ་ཡན་ཆོད་ལ་བཀོལ་སྤྱོད་ཆོག་པ་ཞིག་རེད།

“སྒྲིག་སྦྱོར་གྱི་གོ་རིམ་ཡོངས་ས་རྐོ་རྡོ་སློག་མི་དགོས་ཤིང་། བྱེ་ཟགས་དང་ཨར་འདམ་སོགས་ཅི་ཡང་མི་དགོས་པས་རྩྭ་སར་གནོད་པ་ཅི་ཡང་བཟོ་མི་ཐུབ། འདི་ནི་བྱེད་ནུས་མང་པོའི་ནོར་ར་བཀོལ་སྤྱོད་ཀྱི་རྨང་གཞིའི་སྟེང་བཟོས་པའི་ཐོན་རྫས་གསར་ཤོས་སྐོར་ཞིག་ཡིན་ཏེ། ཁོར་སྲུང་གི་ཁྱད་ཆོས་གཞན་ལས་ལྷག་ཅིང་། སྲོལ་རྒྱུན་ནོར་རའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱས་ཡོད་པ་དང་།དེ་བཞིན་བཟོ་སྐྲུན་གྱི་མ་རྩའི་ཆ་ནས་སྲོལ་རྒྱུན་གྱི་ནོར་ར་ལས་པའི་མ་རྩའི50%ཡན་གྲོན་ཆུང་བྱེད་ཐུབ་ལ། ཞིང་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་བཅོས་སྒྱུར་དང་ཚོགས་པ་ལུགས་མཐུན་འཛུགས་པར་སྐུལ་འདེད་བྱེད་ཐུབ་པ་བཅས་རྩྭ་ཕྱུག་ལ་དོ་དམ་ཡག་པོ་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།” ཅེས་ནོར་ར་གསར་སྤེལ་ཐོན་སྐྱེད་བྱེད་མཁན་ལས་ཁུངས་ཧྲང་ཧའེ་ཀྲུའུ་ཨན་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་ལག་རྩལ་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས་བྱུང་པ་རེད།

ཁོན་ཐར་འཚོས་བསྒྱུར།