མཚོ་ནུབ་ས་ཆའི་གནམ་གྲུ་ཤར་གཏོང་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་། རང་ཞིང་གི་མཁའ་འགྲུལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱ་ཆེད། མཚོ་སྔོན་གནམ་ཐང་ཀུང་ཟི་དང་ཧྭ་ཞ་ཀུན་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས། གཏེར་ལེན་ཁ་དང་ན་གོར་མོ། ཧྭ་ཐུའུ་ཀོའུ་བཅས་ཀྱི་གནམ་ཐང་གིས་ཉེ་འདྲེན་མཁའ་འགྲུལ་ལམ་ཐིག་ཤར་གཏོང་བྱས་ཏེ། ཟླ7པའི་ཚེས10ཉིན་ནས་བཟུང་གནམ་གྲུ་ཤར་གཏོང་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཉེ་འདྲེན་མཁའ་ལམ་སྟེང་བར་སྣང་རྒྱལ་པོ350རྟགས་ཅན་གྱི་གནམ་གྲུ་སྤྱོད་རྒྱུ་ཡིན་ཞིང་། གཏེར་ལེན་ཁ་དང་ཧྭ་ཐུའུ་ཀོའུ།(花土沟) ན་གོར་མོ་བཅས་ཀྱི་བར་ནས་ཕར་འཕུར་ཚུར་འཕུར་བྱ་རྒྱུ་ཡིན་པ་དང་། ཉིན་རེར་སྐོར་ཐེངས2རེ་འཕུར་རྒྱུ་རེད། ལམ་ཐག་དུས་ཚོད་གཏེར་ལེན་ཁ་ནས་ཧྭ་ཐུའུ་ཀོའུ་བར་ལ་ཆུ་ཚོད1དང་སྐར་མ30དགོས་ཤིང་། ཧྭ་ཐུའུ་ཀོའུ་ནས་ན་གོར་མོའི་བར་ལ་ཆུ་ཚོད1དང་སྐར་མ10དང་། ན་གོར་མོ་ནས་གཏེར་ལེན་ཁའི་བར་ལ་སྐར་མ45ལས་མི་དགོས་པ་རེད།

ཞུབ་ཕྲའི་མཁའ་འགྲུལ་དུས་ཚོད།

སྔ་དྲོའི་ཆུ་ཚོད8སྟེང་གཏེར་ལེན་ཁ་ནས་འཕུར་ཏེ་ཆུ་ཚོད9དང་སྐར་མ45སྟེང་ཧྭ་ཐུའུ་ཀོའུ་ལ་འབབ་ཐུབ། ཆུ་ཚོད10དང་སྐར་མ15སྟེང་ཧྭ་ཐུའུ་ཀོའུ་ནས་འཕུར་འགོ་བརྩམས་ནས་ཆུ་ཚོད11དང་སྐར་མ25སྟེང་ན་གོར་མོར་ཐོན་ཐུབ། དེ་ནས་ཆུ་ཚོད11དང་སྐར་མ55སྟེང་ན་གོར་མོ་ནས་འཕུར་འགོ་བརྩམས་ཏེ་ཆུ་ཚོད12དང་སྐར་མ45སྟེང་གཏེར་ལེན་ཁར་ཐོན་ཐུབ།

ཕྱི་དྲོའི་ཆུ་ཚོད13དང་སྐར་མ45སྟེང་གཏེན་ལེན་ཁ་ནས་འཕུར་ཏེ་ཆུ་ཚོད12དང་སྐར་མ30སྟེང་ན་གོར་མོར་འབབ་ཐུབ། ཆུ་ཚོད15སྟེང་ན་གོར་མོ་ནས་འཕུར་འགོ་བརྩམས་ཏེ་ཆུ་ཚོད16དང་སྐར་མ10སྟེང་ཧྭ་ཐུའུ་ཀོའུ་ལ་ཐོན་ཐུབ། ཆུ་ཚོད16དང་སྐར་མ40སྟེང་ཧྭ་ཐུའུ་ཀོའུ་ནས་འཕུར་འགོ་བརྩམས་ཏེ་ཆུ་ཚོད18དང་སྐར་མ25སྟེང་ཕྱིར་གཏེར་ལེན་ཁར་ཐོན་ཐུབ་པ་རེད།

པཱ་སེ་རིན་གོང་།

གཏེར་ལེན་ཁ་ནས་ན་གོར་མོའི་བར་ལ་སྒོར200དང་ན་གོར་མོ་ནས་ཧྭ་ཐུའུ་ཀོའུ་བར་ལ་སྒོར300།ཧྭ་ཐུའུ་ཀོའུ་ནས་གཏེར་ལེན་ཁའི་བར་ལ་སྒོར400དགོས་པ་རེད།

ཟླ10པའི་ཚེས19ཉིན། ཡུལ་སྐོར་པའི་མཁའ་འགྲུལ་ཉམས་ལེན་ལ་སྟབས་བདེ་བསྐྲུན་ཆེད། མཁའ་འགྲུལ་ཀུང་ཟིས་དམིགས་བསལ་གཟིགས་སྐྱོང་པཱ་སེ་ཕྱིར་འཚོང་བྱ་རྒྱུ་ཡིན་ཞིང་། དེར་གཏེར་ལེན་ཁ་ནས་ན་གོར་མོའི་བར་ལ་སྒོར80དང་ན་གོར་མོ་ནས་ཧྭ་ཐུའུ་ཀོའུ་བར་ལ་སྒོར120།ཧྭ་ཐུའུ་ཀོའུ་ནས་གཏེར་ལེན་ཁའི་བར་ལ་སྒོར160མ་གཏོགས་མི་དགོས་པ་བཟོ་རྒྱུ་རེད།

ད་ལྟ། གནམ་གྲུ་པཱ་སེ་དྲ་ཐོག་ནས་མངགས་ཉོ་བྱས་ཆོག

ལོ་ཙཱ་བ། ལྷ་ཆེན་རྒྱལ།