《བོད་ཀྱི་གནའ་རབས་ཁྲིམས་གཞུང་བསྒྱུར་འགྲེལ》ལ་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་ཕུལ་བྱུང་ལས་གཞིའི་མཚན་བཏགས་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2018ལོར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་སྨན་གྱི་ཚད་ལྡན་འཁྲུངས་དཔེ》ལ་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་ཕུལ་བྱུང་ལས་གཞིའི་མཚན་བཏགས་ཐོབ་རྗེས་སུ། ད་ཕན་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་འཆར་འགོད་དོ་དམ་གཞུང་སྒྲུབ་ཁང་གིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་དངུལ་ལས་གཞི164ལས། 2018ལོའི་ཕན་ཕྱོད་དཔྱད་འཇོག་ཁྲོད“ཕུལ་བྱུང”གི་མིང་ཐོའི་ཁྲོད་ཚུད་པ་ནི་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་ཇུས་འགོད་དཔར་སྐྲུན་བྱས་པའི《བོད་ཀྱི་གནའ་རབས་ཁྲིམས་གཞུང་བསྒྱུར་འགྲེལ》འདི་རེད་ལ། དེ་དང་ཆབས་ཅིག་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ལ་ཡང་དམིགས་སུ2020ལོའི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་ལས་གཞི་གཅིག་སྙན་ཞུ་བྱེད་ཆོག་པའི་བྱ་དགའ་གནང་ཡོད་པ་རེད།


རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་ནི་རྒྱལ་ཁབ་ཀྱི་རྒྱུན་གཉེར་ཐེབས་རྩ་གལ་ཆེན་ཏེ། རང་རྒྱལ་གྱི་གཏན་ཚིག་རིག་པའི་སྤྱི་ཚོགས་ཚན་རིག་ཐེབས་རྩ་དང་། རང་བྱུང་ཚན་རིག་ཐེབས་རྩ་གཉིས་ཀྱི་རྗེས་སུ་རྒྱལ་ཁབ་ཀྱི་མིང་ཐོག་ནས་བཙུགས་པའི་ཆེད་གཉེར་ཐེབས་རྩ་ཞིག་ཡིན་པ་རེད། ཐེབས་རྩ་དེ2007ལོར་བཙུགས་ནས་བཟུང་། སྤུས་ལེགས་ཐོན་སྐྱེད་གཙིགས་འཛིན་དང་། སྤྱི་ཚོགས་ཀྱི་ཕན་ཕྱོད་དོན་གཉེར། དཔེ་སྐྲུན་ལས་གཞིའི་ཕན་ཕྱོད་དོ་དམ་ཚད་ལྡན་ལ་སོགས་ཕྱོགས་ནས་ཕན་ཆོད་མངོན་གསལ་བྱུང་།

《བོད་ཀྱི་གནའ་རབས་ཁྲིམས་གཞུང་བསྒྱུར་འགྲེལ》ནང་བོད་བཙན་པོའི་རྒྱལ་རབས་དང་། ཡོན་རྒྱལ་རབས། ཆིན་རྒྱལ་རབས་བཅས་རྒྱལ་རབས་གསུམ་གྱིས་བོད་ལྗོངས་ལ་དབང་སྒྱུར་བའི་དུས་སུ། བོད་ས་གནས་སྲིད་གཞུང་ངམ་ཀྲུང་དབྱང་སྲིད་གཞུང་གིས་བཟོས་པའི་བོད་ཡིག་གི་ཁྲིམས་གཞུང་ཁག19ལེགས་འདེམས་ལེགས་སྒྲིག་བྱས་ནས་ལོ་རྒྱུས་ཀྱི་དུས་སྐབས་དེའི་ནང་གི་གནའ་བོའི་བོད་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཡིག་ཐོག་ཁྲིམས་ཡིག་དང་ངག་ཐོག་ཁྲིམས་སྲོལ་ཕལ་ཆེ་བ་ཞིག་འདུས་ཡོད་པ་རེད། ཁྲིམས་གཞུང་དེ་དག་འགྲེལ་བྱང་དང་། ལོ་ཙཱ། འགྲེལ་བརྗོད་བཅས་ཀྱི་ལམ་ནས་བསྒྱུར་འགྲེལ་ར་སྤྲོད་ཅི་ཐུབ་བྱས་ཡོད་ཅིང་། བྱུང་རྐྱེན་དང་། ནང་དོན། རིན་ཐང་། དོན་སྙིང་། ཤུགས་རྐྱེན་ལ་སོགས་པར་རིག་གཞུང་དང་བསྡུར་ནས་དབྱེ་ཞིབ་བྱས་ནས་བརྒྱུད་རིམ་དང་ལྡན་པའི་སྒོ་ནས་བོད་ཀྱི་གནའ་བོའི་ཁྲིམས་གཞུང་ཅུང་ཆ་ཚང་ཞིག་ལེགས་བསྒྲིགས་བྱས་ཡོད་པས། བོད་ཀྱི་སྤྱི་ཚོགས་རྙིང་བའི་རྣམ་པ་མཚོན་ཐུབ་ལ་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ནང་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་ཁྲིམས་སྲོལ་ལམ་ལུགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་པའི་ལོ་རྒྱུས་ཡིག་ཚང་ཁོངས་བཙུན་ཅན་དེ་གྱུར་འདུག ། 

ཁོན་ཐར་འཚོས་བསྒྱུར།