ཡུལ་ཤུལ་ས་ཁུལ་དུ་དབུལ་སྐྱོར་འོད་ནུས་གློག་འདོན་ས་ཚིགས་མི་འདྲ་བ་གཉིས་བཙུགས་ཏེ་གློག་འདོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། རྒྱལ་ཁབ་གློག་དྲ་ཀུང་ཟིས་ས་ཁུལ་གསུམ་དང་ཁུལ་གཉིས་ཀྱི་གློག་དྲའི་བཟོ་སྐྲུན་གྱིས་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་ཀྱི་ཐོག་མའི་འཛུགས་སྐྲུན་ལ་ཆོག་མཆན་ཐོབ་པ་བརྒྱུད། མ་དངུལ་སྒོར་དུང་ཕྱུར1.6758བཏང་སྟེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་སྟོད་རྫོང་དུ་ཀྲའོ་ཝ24.5ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་གསར་སྐྲུན་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར1.7784བཏང་སྟེ་ཆུ་དམར་ལེབ་རྫོང་གི་གཡུ་སྐེ་གྲོང་རྡལ་འབྲི་ཆུའི་སྡེ་བ་རུ་ཀྲའོ་ཝ26ཅན་གྱི་སྡེ་བ་རིམ་པའི་འོད་ནུས་གློག་འདོན་ས་ཚིགས་གསར་སྐྲུན་བྱེད་རྒྱུ་ཡིན་ལ། ཟླ6པའི་ཟླ་མཇུག་ལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་གློག་དྲ་བརྒྱུད་དེ་གློག་འདོན་བྱ་རྒྱུ་རེད།

ཡུལ་ཤུལ་ས་ཁུལ་ནི་ཉིན་མོ་རིང་བའི་འོད་ཀྱི་ས་ཁུལ་དུ་གཏོགས་པ་དང་ཉི་མའི་འགྱེད་འཕྲོ་བཙན། ཉི་མ་ཕོགས་པའི་དུས་ཚོད་རིང་ཞིང་འོད་ནུས་ཕུན་སུམ་ཚོགས། ད་ལོའི་ལོ་སྟོད་ལ་རྒྱལ་ཁབ་ཀྱིས་འབྲི་ཆུ་སྡེ་བ་རུ་མ་དངུལ་སྒོར་དུང་ཕྱུར1.7784བཏང་སྟེ་ཀྲའོ་ཝ26ཅན་གྱི་སྡེ་བ་རིམ་པའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་བཙུགས་སྟེ། ས་གནས་དེའི་ཉི་འོད་ནུས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་བེད་སྤྱོད་འཐུས་ཚང་བྱས་ཡོད། ཉི་འོད་ནུས་པའི་ཐོན་ཁུངས་གསར་སྤེལ་བརྒྱུད་ལོ་ངོ25ཡི་རིང་ལ་ཡོང་འབབ་ཀྱི་ཁེ་སྤོགས་བརྟན་འཇགས་དང་དབུལ་སྐྱོར་གསར་སྤེལ་མངོན་འགྱུར། ནུས་ཁུངས་གསར་བ་བེད་སྤྱོད། ཕྱིར་གཏོང་གྲོན་ཆུང་བཅས་ཀྱི་གཉིས་ཕན་བཟོ་སྐྲུན་ཤིག་ཡིན་ངེས།

རྒྱལ་ཁབ་གློག་དྲའི་ཡུལ་ཤུལ་གློག་འདོན་ཀུང་ཟིའི་འཛུགས་སྐྲུན་སྡེ་ཁག་གི་ཀྲུའུ་རེན་ཀྲའོ་ཅོན་ཝུན་གྱིས་ངོ་སྤྲོད་བྱེད་རྒྱུར། འབྲི་ཆུ་སྡེ་བའི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་དེ་མཐུད་སྦྲེལ་དང་གློག་དྲའི་བཟོ་སྐྲུན་ཐད་ལ་མ་དངུལ་སྒོར་ཁྲི332.48བཏང་ཡོད་ལ། རྒྱལ་ཁབ་གློག་དྲ་ཀུང་ཟིས“ས་ཁུལ་གསུམ་དང་ཁུལ་གཉིས”ཀྱི་གློག་དྲའི་བཟོ་སྐྲུན་འཛུགས་སྐྲུན་གྱི་བཟོ་སྐྲུན་གལ་ཆེན་ཁྲོད་ཀྱི་གཅིག་ཡང་ཡིན་ངེས། གློག་འདོན་མཁོ་སྤྲོད་ལས་བཟོ་པ་དག་གིས་བཟོ་སྐྲུན་དུས་ཡུན་ཐུང་བ་དང་བཟོ་སྐྲུན་ལས་ཀའི་ཡུལ་གྱི་ཁོར་ཡུག་ལ་དཀའ་ཚེགས་ཆེ་བ་སོགས་ཀྱི་དཀའ་ཁག་མང་པོ་ཁྱད་དུ་བསད་དེ་ཉིན59ཡི་དུས་ཚོད་ནང་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་ཀྱི་བཟོ་སྐྲུན་དེ་ལེགས་འགྲུབ་བྱུང་དུ་བཅུག་ཡོད། སྟོང་ཝ35ཅན་གྱི་བར་སྣང་སྐུད་ལམ་བཟོ་སྐྲུན་དང་ཆུ་དམར་ལེབ་གྱི་སྟོང་ཝ110ཅན་གྱི་གློག་འདོན་ས་ཚིགས་དེ་གློག་དྲའི་བཟོ་སྐྲུན་ལ་མཐུད་པའི་ལས་འགན་ལེགས་འགྲུབ་བྱུང་ཤིང་། ཆུ་དམར་ལེབ་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་དག་གི་བརྟན་འཇགས་ཀྱི་ཡོང་འབབ་ཐད་ལ་ཡང་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

ཆུ་དམར་ལེབ་རྫོང་གི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་བཀྲ་ཤིས་ཐུབ་བསྟན་གྱིས་བཤད་རྒྱུར། “2019ལོ་ནི་རྒྱལ་ཁབ་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ལོ་ཡིན་པས། ཆུ་དམར་ལེབ་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་ལ་མ་དངུལ་བཏང་སྟེ་འཛུགས་སྐྲུན་ཡོངས་འགྲུབ་ཀྱིས་གློག་དྲར་མཐུད་རྗེས། རང་སྟེང་ནས་གློག་འདོན་དང་རང་སྟེང་ནས་བེད་སྤྱོད་བྱས་ཤིང་། གློག་ཤུགས་ལྷག་མ་གློག་དྲར་འཇུག་པའི་རྣམ་གཞག་དེས་གློག་རིན་ལ་གྲོན་ཆུང་ཐུབ་པ་མ་ཟད། བཀོལ་མི་ཚར་བའི་གློག་ཤུགས་ལྷག་མ་ད་རུང་རྒྱལ་ཁབ་གློག་དྲ་ལ་བཙོངས་ཆོག དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཐུབ། ཆུ་དམར་ལེབ་རྫོང་ལ་དབུལ་ཕོངས་སྡེ་བ56དང་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ཁྱིམ་ཚང8663གྱི་ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་དེ་སྒོར3000ཡན་ལ་སླེབས་ཡོད་པས། དབུལ་ཕོངས་ཁྱིམ་ཚང་གི་འཚོ་བའི་སྤུས་ཚད་ཡང་མཐོར་འདེགས་སུ་བཏང་ཡོད”ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།