རང་ཞིང་གིས་རྒན་གསོའི་ནད་གཡོག་མཁན་གྱི་གསབ་སྦྱོང་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ7ཚེས3ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དེ་ཡང2003ལོ་ནས་ད་ལྟའི་བར། ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་པའི་རྒན་གསོའི་ནད་གཡོག་མཁན་གྱི་གསབ་སྦྱོང་དེ་ཕལ་ཆེར་ལོ་རེ་རེའི་ནང་དུ་ཐེངས་གཅིག་རེ་རྩ་འཛུགས་བྱས་ཏེ་སྤེལ་བཞིན་ཡོད་ལ། ད་ལྟའི་བར་ཁྱོན་བསྡོམས་ཐེངས8ལ་སྤེལ་ཏེ། བསྡོམས་པས་རྒན་གསོའི་ནད་གཡོག་མི་སྣ820ལ་གསབ་སྦྱོང་བྱས་ཤིང་མི་གྲངས་ལོ་ལོན་ཅན་ཏུ་འགྱུར་བར་ཁ་གཏད་ངོས་ལེན་བྱས་ཡོད།

ཉེ་ལམ་གྱི་གསབ་སྦྱོང་དེ་ཟླ6པའི་ཟླ་དཀྱིལ་ནས་ཟླ་མཇུག་བར་དུ་སྤེལ་བ་ཡིན་ལ། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ལ་མཉམ་འབྲེལ་བྱས་ཏེ་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་ལོ་ལོན་ཚེ་བརྟན་བདག་སྐྱོང་ལྟེ་གནས་སུ2019ལོའི་རྒན་གསོའི་ནད་གཡོག་གསབ་སྦྱོང་འཛིན་གྲྭ་དེ་བསྡུས་ཤིང་། ཁུལ་དང་གྲོང་ཁྱེར་མི་འདྲ་བ8གྱི་མི་གྲངས102ཐེངས་འདིའི་རྒན་གསོའི་ནད་གཡོག་མཁན་གྱི་དུས་ཡུན་ཟླ་ཕྱེད་ལྷག་གི་གསབ་སྦྱོང་དེ་དང་ལེན་བྱས་ཡོད། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་རྒན་གསོའི་ནད་གཡོག་མི་སྣ47ཡོད།

རྒན་གསོའི་ནད་གཡོག་མཁན་གྱ་གསབ་སྦྱོང་འདི་དག་ནི་རྒྱལ་ཁབ་ཀྱི་རྒན་གསོའི་ནད་གཡོག་མཁན་གྱི་ལས་རིགས་ཚད་གཞི་གཞིར་བཟུང་སྟེ་གསབ་སྦྱོང་བྱས་པ་ཡིན་ལ། ཞིང་ཆེན་གྱི་གནས་ཚུལ་དང་འབྲེལ་བའི་ཚན་རིག་གསར་འཛུགས་ཀྱི་བསླབ་ཚན་མ་ལག་ལ་ཟུང་འབྲེལ་བྱས་ཡོད། གསབ་སྦྱོང་གི་ནང་དོན་ཁྲོད་ནད་གཡོག་མཁན་གྱི་ལས་རིགས་ཀུན་སྤྱོད་དང་ལས་རིགས་བརྩི་སྲུང་། ལས་རིགས་བདེ་འཇགས། སྲིད་ཇུས་བཅའ་ཁྲིམས་ཁྲིམས་སྲོལ། ལོ་ལོན་དང་རྒན་པའི་རྒྱུན་ལྡན་གྱི་ནད་གཡོག ལོ་ལོན་དང་རྒན་པའི་མྱུར་སྐྱོབས་རོགས་སྒྲུབ། མེ་གསོད་རྒྱུ་ཆ་སྟབས་བདེ་བེད་སྤྱོད། བྲེལ་འཚུབ་ཀྱི་གནས་བབ་འོག་ལོ་ལོན་དང་རྒན་པ་བྲོས་བྱོལ་བྱེད་པའི་ཐབས་ཤེས། རྒན་གསོའི་ནད་གཡོག་མཁན་གྱི་སེམས་ཁམས་གནོན་ཤུགས་ཞི་འཇགས་སུ་གཏོང་ཐབས་སོགས་འདུས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།